༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་བོད་མདོ་སྨད་རྨ་ཆུ་སྨད་མའི་ཕ་བསོད་ནམས་ཡེ་ཤེས་ཀྱི་བུ་མོ་ལོ་ ༡༩ ཅན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱིས་རྨ་ཆུ་རྫོང་སྔོ་ཚོད་ཁྲོམ་རར་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག དེའི་སྐབས་ས་གནས་ཉེན་རྟོག་པས་ཁྲོམ་རའི་སྒོ་ཆེན་བརྒྱབ་སྟེ། ཁྲོམ་གཞུང་ནང་ཡོད་པའི་ལག་ཐོག་ཁ་པར་དག་འཕྲོག་ཡོད་འདུག་པ་དང་། གནས་ཚུལ་དེའི་སྐོར་ཕྱིར་བསྒྲགས་མི་ཆོག་པའི་བཀོད་ཁྱབ་བཏང་འདུག ས་གནས་ཉེན་རྟོག་པས་ནང་མིའི་སར་སོང་སྟེ། གོང་གསལ་ཕ་དེའི་བུ་མོ་ཡིན་མིན་བརྩད་གཅོད་བྱས་པ་དང། དེ་ནས་ཕྱི་དྲོ་རྫོང་མཁར་ཉེ་འཁོར་གྱི་ཁྱིམ་ཚང་ནང་བསྔོག་བཤེར་གྱིས་དྲ་རྒྱ་ཡོད་རིགས་བཀག་བསྡོམ་བྱས་འདུག་པ་དང་། དེའི་རྗེས་རྫོང་དེའི་འགོ་ཁྲིད་ཁག་ལྷན་འཛོམས་བྱས་ཡོད་གནས་སོགས་ཀྱི་ཛ་དྲག་གནས་ཚུལ་ཐོན་ཡོད་པ་རེད། ཁོང་ནི་བོད་ནང་རང་ལུས་མེ་སྲེག་གཏོང་མཁན་ ༢༤ པ་དེ་ཆགས་ཡོད་པ་རེད།
ཡང་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ལམ་དཀར་ཚང་གི་མནའ་མ་རིན་ཆེན་རང་ལོ་༣༢ ཡིན་པ་དང་། ཕ་མིང་ལ་ར་སྣ་དང་མ་མིང་ལ་ལྷ་ཁོ་ཞུ་བ་གཉིས་ཀྱི་བུ་མོ་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༤ ཉིན་གྱི་སྔ་དྲོ་བོད་ནང་གི་ཆུ་ཚོད་༦།༣༠ ཙམ་ལ། རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་གཏན་སྡོད་བྱས་པའི་དམིགས་བསལ་ལྟ་སྲུང་བྱེད་མཁན་རྒྱ་མིའི་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས་ཞེས་འབོད་ཚིག་བསྒྲགས་ཏེ་རང་ལུས་མེར་སྲེག་བཏང་ནས་ས་གནས་དེ་རང་ལ་སྐུ་གྲོངས་ཡོད་པ་དང་། སྐབས་དེར་ཁོང་གི་སྐུ་ཕུང་དགོན་པའི་ནང་ཡར་འཁྱེར་ཐུབ་པ་བྱུང་ཡོད་ཀྱང་། རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད།
འདས་མ་རིན་ཆེན་ལགས་ནི་ཕ་མ་གཅིག་པའི་མིང་སྲིང་བརྒྱད་ཡོད་པའི་ནང་ནས་ཆེ་ཤོས་གཉིས་པ་དེ་ཡིན་འདུག ཁོང་གི་གཟའ་ཟླ་ལོ་གཅིག་གི་སྔོན་ལ་གྲོངས་ཡོད་པ་དང། ད་ལྟའི་སྐབས་ཤུལ་དུ་ཕ་མ་གཉིས་ཀ་མེད་པའི་ཕྲུ་གུ་བཞི་ཡོད་པའི་ནང་ནས་ཆེ་ཤོས་ལོ་བཅུ་གསུམ་དང་ཆུང་ཤོས་དེ་ཟླ་བ་ཁ་ཤས་ལས་སོན་མེད་པ་རེད་འདུག དོན་རྐྱེན་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་དུ་སྔར་ལས་ལྷག་པའི་དམག་མི་དང་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་མང་དུ་བཏང་ནས་དམ་དྲག་དང་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་པ་དང། ཐེངས་འདིའི་རང་ལུས་མེ་སྲེག་གི་དོན་རྐྱེན་དེ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ ༢༥ པ་དང་། ཨ་མདོ་རྔ་པའི་ཁུལ་དུ་བྱུང་བའི་རང་ལུས་མེར་སྲེག་གཏོང་མཁན་ ༡༦ པ་དེ་ཆགས་ཡོད་པ་རེད།
གཞན་ཡང་ཉེ་ཆར་ཕྱི་ཟླ་ ༢ པའི་ཚེས་ ༨ ཉིན་རྔ་པ་ནས་རང་ལུས་མེར་སྲེག་གཏོང་མཁན་རིག་འཛིན་རྡོ་རྗེ་ལགས་ཀྱང་ཕྱི་ཟླ་ ༢ པའི་ཚེས་ ༢༡ ཉིན་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་རིམ་བཞིན་གསར་འགོད་གསལ་བསྒྲགས་རིམ་སྤེལ་བྱས་ནས། རྒྱ་ནག་གཞུང་དང་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ལ་རེ་འདུན་མང་པོ་ཞུས་དང་ཞུ་བཞིན་ཡོད་རུང་། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གི་བོད་མི་ཚོའི་དགོས་འདུན་དང་། བོད་མིའི་སྒྲིག་འཛུགས་ཀྱི་རེ་འདུན་བཅས་ལ་བསམ་ཞིབ་བྱེད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་ཁུངས་མེད་ལུང་མེད་ཀྱི་འཁྱོག་བཤད་དང་ངན་ཁག་ཁོ་ན་གཡོགས་ཏེ། བོད་ནང་དྲག་ཆས་དམག་མི་དང་ལྕག་ཁྲབ་འཁོར་ལོ་གཙོས་པའི་དེང་རབས་ཀྱི་གོ་ལག་ཕོན་ཆེན་འགྲེམས་འཇོག་བྱས་ཡོད་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་རྟག་ཏུ་བརྗོད་བཞིན་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བ་དང་། མི་རིགས་ཚང་མར་ཐོབ་ཐང་འདྲ་མཉམ་ཡོད་ཟེར་བ་སོགས་ནི། འཛམ་གླིང་མི་མང་མགོ་སྐོར་གཏོང་ཆེད་དང་བོད་ནང་གི་བོད་མི་ཚོར་མནར་གཅོད་གཏོང་ཐབས་ཀྱི་ལག་ཆ་ལྟ་བུ་ཆགས་ཡོད། ད་དུང་ནན་བརྗོད་བྱེད་དགོས་པ་ཞིག་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསར་འགོད་གསལ་བསྒྲགས་རིམ་སྤེལ་ནང། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་དེ་ལ་བསྒྱུར་བཅོས་མ་བཏང་ན། བོད་ནང་རང་ལུས་མེར་སྲེག་སོགས་ཀྱི་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་ཡོངས་རྫོགས་རྒྱ་ནག་གཞུང་རང་ཉིད་ཀྱིས་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱས་ཡོད་ལ་ད་དུང་ཡང་དེ་བཞིན་ནན་བརྗོད་བྱེད་རྒྱུ་ཡིན།
དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་བརྩི་ཆེན་འཛིན་མཁན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག གནད་ཡོད་མི་སྣ། མང་ཚོགས་བཅས་ཀྱིས། བོད་ནང་སྐྱ་སེར་དང་ཕོ་མོ་དབྱེར་མེད་ལང་ཚོ་དར་ལ་བབས་པ་མང་པོ་དེ་འདྲ་ཞིག་གིས། རང་ཉིད་ཀྱི་ཚེ་སྲོག་དང་ཤ་ལས་སྐྱེས་པའི་བུ་ཕྲུག དྲིན་ཆེན་ཕ་མ་དང་ནང་མི། གཉེན་ཉེ། རྒྱུ་ནོར་ཡོངས་རྫོགས་བློས་བཏང་བྱས་ཏེ་མེ་ལྕེ་དམར་པོའི་ཁྲོད་ནས་༸གོང་ས་མཆོག་བོད་དུ་ཕེབས་དགོས། བོད་ལ་རང་དབང་དགོས། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་འབོད་ཚིག་སྒྲོག་ནས་རྐྱེན་འདས་སུ་འགྲོ་བཞིན་ཡོད་པ་དེ་དག་གི་རེ་འདུན་དེ། འགྲོ་བ་མི་ཞིག་གིས་རང་ཉིད་ཀྱི་ཐོབ་ཐང་རྩོད་པའི་ལས་དོན་ཞིག་ཡིན་པས། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་བྱེད་མཁན་གྱི་ཁྲིམས་ལུགས་དང་ཚོགས་སྡེ། རྒྱལ་ཁབ་བཅས་ཡོད་ན་བོད་ནང་གི་བོད་མི་ཚོའི་རེ་འདུན་དང་ཐོབ་ཐང་སྲུང་བརྩི་བྱེད་རོགས་ཞེས་ནན་ཞུ་བྱེད་རྒྱུ་ཡིན།
རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་དྲིལ་བསྒྲགས་ནི་འཁྱོག་བཤད་དང་རྨང་གཞི་གཏན་ནས་མེད་པ་ཞིག་ཡིན་པ་ལས། གལ་ཏེ་རྒྱ་གཞུང་གི་དྲིལ་བསྒྲགས་དེ་དངོས་ཡོད་ཡིན་ན་བོད་ནང་ནུབ་ཕྱོགས་པའི་གསར་འགོད་པ་དང་། རྒྱལ་སྤྱིའི་ཞིབ་འཇུག་ལྷན་ཚོགས་སོགས་བོད་དུ་འགྲོ་རྒྱུར་བཀག་འགོག་བྱས་དོན་མེད། དེས་ན་བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་ཆེད་དུ་གསར་འགོད་པ་དང་ཞིབ་འཇུག་ལྷན་ཚོགས་མྱུར་དུ་གཏོང་ཐབས་བྱེད་དགོས་པ་ལས། འདི་ལྟར་ཞག་འགྱངས་ཉིན་ཕུད་བྱས་ནས་ངན་པ་རྒྱ་ཡན་དུ་བཏང་ན། འཛམ་གླིང་ཁྱོན་ལ་འཁྲུག་རྩོད་དང་དྲང་བདེན་མེད་པ། དབང་ཆེན་གྱིས་ནུས་མེད་འབུར་འཇོམ་བྱེད་པའི་དུས་རབས་ཤིག་གི་འགོ་འཛུགས་བྱེད་པའི་སྔ་ལྟས་ཞིག་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༢ ཟླ་ ༣ ཚེས་ ༥ ཉིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
གསར་གནས།
འབྲེལ་གནས།