༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་གྱི་སྐབས་བརྒྱད་པའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༣ ནས་འགོ་འཛུགས་ཀྱིས་ཕྱི་ཟླ་ལྔ་པའི་ཟླ་མཇུག་བར་འཚོགས་རྒྱུ་ཡིན་པ་རེད། བོད་མིས་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༥༣ འཁོར་བའི་དུས་ཐེ་ཝན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་དོན་སྐོར་གླེང་སློང་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༨ ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏོན་ཁང་དབྱི་ལགས་དང་སྐུ་ཞབས་གྲན་ཇི་མའེ་ལགས་གཉིས་ཀྱིས་གསུམ་བཅུའི་དུས་དྲན་སྐོར་གླེང་སློང་གནང་ཡོད་ལ། ཕྱི་ཚེས་ ༩ ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་གྲན་ཇའེ་རུའུ་ལགས་ཀྱིས་བོད་མི་ས་ཡ་དྲུག་རྒྱ་ནག་གི་གདུག་རྩུབ་སྲིད་བྱུས་འོག་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་བྲལ་ཞིང་། རང་གི་སྐད་ཡིག་དང་ཁོར་ཡུག་སྲུང་སྲུང་སྐྱོབ་ཀྱི་ཐོབ་ཐང་མེད་པ་མ་ཟད། རང་ཉིད་ཀྱི་ས་ཐོག་མི་སེར་གཉིས་པ་ཆགས་ཡོད། ༢༠༠༨ ཕྱི་ཟླ་ ༣ ནས་བཟུང་བོད་ས་ཁྱོན་ཡོངས་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་པར། རྒྱ་དམག་གིས་དྲག་པོའི་དམ་བསྒྲགས་ཤུགས་ཆེ་བྱས་ཐོག་བོད་མི་འབོར་ཆེན་འཛིན་བཟུང་དང་བཀག་ཉར་སོགས་བྱས་ཏེ་སྡུག་སྦྱོང་ཚད་མེད་བཏང་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་ལ་བརྟེན་ནས་རང་དབང་རྩོད་ལེན་གནང་བཞིན་ཡོད་པས། ཐེ་ཝན་གྲོས་ཚོགས་ནས་གྲོས་ཆོད་བཞག་སྟེ་རྒྱ་ནག་གཞུང་ལ་བོད་ཀྱི་དགོན་སྡེ་ཁག་ནས་དམག་དཔུང་ཕྱིར་འཐེན་དགོས་པའི་འབོད་སྐུལ་དང་། བོད་མིའི་སྐད་ཡིག་དང་། ཆོས་ལུགས། སྨྲ་བརྗོད་རང་དབང་རྩོད་ལེན་ལ་གྲོས་ཚོགས་ནས་རྒྱབ་སྐྱོར་དགོས་སྐོར་སོགས་བརྗོད་ཡོད། གཞན་ཡང་དེ་ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཝུ་དབྱི་ཀྲེན་ལགས་ཀྱིས་གསུང་དོན། ལོ་ངོ་ ༥༣ གོང་རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་པ་ནི་བསུབ་ཐབས་མེད་པའི་ལོ་རྒྱུས་ཤིག་ཆགས་ཡོད། ༢༠༠༩ ལོར་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་ད་བར་མི་གྲངས་ ༢༦ བྱུང་ཡོད། རྒྱ་དམག་གི་དྲག་ཤུགས་ཀྱིས་བོད་མི་འཛིན་བཟུང་བཙན་འཁྲིད་དང་སྡུག་སྦྱོང་སོགས་བཏང་བ་ཤམ་བྷ་ལ་འབོད་པའི་མི་ཡུལ་འདི་བཞིན་དམྱལ་བའི་ཡུལ་ལ་གྱུར་ཡོད་པས། ཡུ་རོབ་གྲོས་ཚོགས་དང་། དབྱིན་ལན་གྲོས་ཚོགས། ཨི་ཊ་ལི་གྲོས་ཚོགས། ཨ་རིའི་གྲོས་ཚོགས་གོང་འོག་སོགས་ནས་གནད་དོན་དེའི་ཐོག་གྲོས་ཆོད་བཞག་ཡོད། རང་རེའི་གྲོས་ཚོགས་འདིའི་ཐོག་ནས་གྲོས་ཆོད་ཅིག་བཞག་སྟེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་སོགས་བོད་ནང་ཞིབ་འཇུག་སླད་ཆེད་གཏོང་དགོས་པའི་འབོད་སྐུལ་ཞུ་དགོས་ལ།
ཐེ་ཝན་དང་རྒྱ་ནག་བར་འབྲེལ་མོལ་བྱེད་སྐབས་ཐེ་ཝན་གཞུང་གིས་རྒྱ་ནག་གཞུང་ལ་བོད་མི་མང་གི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་དགོས་པའི་སྐུལ་འདེད་བྱེད་དགོས། བོད་ཀྱི་ཆོས་ལུགས་རང་དབང་ཆེད་ལུས་སྲོག་ཤོར་བ་རྣམས་ལ་མྱ་ངན་དང་གུས་འདུད་ཞུ་དགོས་སོགས་གསུངས་ཡོད། ཕྱི་ཚེས་ ༡༣ ཉིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའེ་ཆིང་ལགས་ཀྱིས་གྲོས་ཚོགས་ནང་དུ་བོད་མིས་རང་དབང་དང་འགྲོ་བ་མིའི་མངོན་འདོད་མཚོན་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པར་སྐྱོན་བརྗོད་དང་དུས་མཚུངས་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ནི་འཇིག་རྟེན་སྤྱི་ཡོངས་ཀྱི་དགོས་འདུན་ཡིན་པས། ཐེ་ཝན་གྱིས་ཀྱང་དུས་ཡུན་རིང་པོའི་ནང་དེར་འབད་བརྩོན་བྱས་ཡོད་པས། ཐེ་ཝན་དང་རྒྱ་ནག་སྐམ་ས་འབྲེལ་མོལ་བྱེད་སྐབས་གནད་དོན་དེ་ཚོ་ངེས་པར་དུ་ཚུད་ཐབས་བྱེད་དགོས་ཞེས་སོགས་གསུངས་འདུག་པ་བཅས། །