༢༠༡༢ ཟླ་ ༣ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བཙན་དབང་ལ་ཞི་བའི་སྒེར་ལངས་ཐེངས་ ༥༣ འཁོར་བའི་དུས་དྲན་ཉིན་བོད་བྱང་ཤར་རྔ་པའི་ཁུལ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་བློ་ཕམ་བྱུང་། ང་ཚོས་དམ་པ་ཁོང་གི་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེའི་ཐོག་སྨོན་ལམ་ཞུ་རྒྱུ་ཡིན། རང་ལོ་ ༡༨ སོན་པ་ཀིརྟི་དགོན་པའི་དགེ་འདུན་པ་དགེ་པེ་ལགས་ཀྱིས་རང་ལུས་ལ་མེ་སྤར་ཏེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྗེས་ས་གནས་དེ་རང་དུ་འདས་གྲོངས་སུ་གྱུར་རྗེས། ཁོང་གི་ཕུང་པོ་དམག་མིས་ལམ་སེང་དམག་སྒར་དུ་ཁྱེར་ཡོད་པ་དང་། ཕྱི་ཉིན་དེར་འབྲེལ་ཡོད་མི་མང་སྐོར་ཞིག་གིས་དམག་མིར་ཁོང་གི་ཕུང་པོ་ཚུར་ནང་མིར་སྤྲོད་དགོས་པའི་རེ་འདུན་བཏོན་ཅིང་ཁ་རྩོད་མང་པོ་བྱས་མཐར་ཕྱི་ཚེས་ ༡༡ ཉིན་གྱི་མཚན་མོ་རྔ་པ་ནས་མེར་སྲེག་གཏོང་རྒྱུ་དང་དེར་འབྲེལ་ཡོད་མི་ལྔ་ཡོང་ཆོག་པའི་མཐའ་མའི་ཐག་གཅོད་བྱས་པ་ལྟར། མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ་ཕུང་པོ་དང་འབྲེལ་ཡོད་བོད་མི་རྣམས་དམག་མིས་སྔ་ཕྱི་དམ་བསྒྲགས་ཆེན་པོའི་འོག་དུར་སའི་ནང་མེར་སྲེག་བཏང་ཡོད་པ་ལས། ཁོང་གི་ཨ་མ་ཆཱ་ཁོ་ཕྱི་ཚེས་ ༡༡ དང་ ༡༢ ཉིན་སོ་སོར་སྔ་དྲོ་ནས་ཕྱི་དྲོ་བར་རྫོང་གི་ཉེན་རྟོག་པས་ཁྲིད་ནས་འདྲི་རྩད་སྣ་ཚོགས་བྱེད་བཞིན་ཡོད་འདུག ད་ཆ་རྔ་པའི་ནང་རྒྱ་ནག་གཞུང་གིས་དམག་མི་དང་དྲག་ཆས་ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་སོགས་ས་ཆ་གང་སར་སྔར་ལས་མང་བ་འགྲེམས་འཇོག་གིས་དངོས་སུ་དྲིལ་བསྒྲགས་མ་བྱས་པ་ཙམ་ལས་དོན་དངོས་དམག་ཁྲིམས་(Martial Law) འོག་གནས་ཡོད། ད་བར་བོད་མི་ ༢༧ རང་ལུས་མེར་བཏང་སྟེ་བོད་ལ་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་ཞུ་དགོས་པའི་རེ་འདུན་བཏོན་ཡོད། འདི་ལོ་གཅིག་པུར་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༤ བྱུང་ཡོད། བོད་མི་ཚོས་རྒྱུན་ཆད་མེད་པར་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་སྤེལ་བ་དེས་བོད་མི་ཚོ་ད་ཆ་འ་ཆད་འུ་ཐུག་གི་གནས་སུ་གྱར་ཡོད་པ་མཚོན་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་དུ་བོད་མི་ཚོས་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད། ང་ཚོས་འབད་བརྩོན་དེ་ལྟར་བྱེད་བཞིན་ཡོད་ནའང་བོད་མི་ཚོས་མུ་མཐུད་རང་ལུས་མེར་སྲེག་གཏོང་བཞིན་ཡོད། དེར་བརྟེན་ད་ཆ་བསྙད་འདོགས་ཚང་མ་པེ་ཅིང་དུ་ཡོད་པའི་རྒྱ་མིའི་འགོ་ཁྲིད་མཁྲེགས་བཟུང་ཚོར་ཡོད་པ་མ་ཟད། དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཡང་ཁོང་ཚོར་ཡོད་པ་འདི་ལོ་གསུམ་བཅུའི་དུས་དྲན་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུངས་ཡོད། རྒྱ་ནག་འགོ་ཁྲིད་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཏེ་བོད་ནང་དང་ལྷག་པར་རྔ་པའི་ཁུལ་ནས་རྒྱ་མིའི་དམག་དཔུང་ཕྱིར་ཐེང་བྱེད་དགོས་པའི་དགོས་འདུན་བསྐྱར་ནན་ཞུ་རྒྱུ་ཡིན།
གསར་འགོད་གསལ་བསྒྲགས།
གསར་གནས།
འབྲེལ་གནས།