༢༠༡༢ ཟླ་ ༢ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །འདི་གར་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༧ ཉིན་བཏང་གནས་ནང་འཁོད་དོན། མན་སྤར་ཕན་བདེ་གླིང་གྲོང་སྡེ་ ༣ པ་ཁང་ཨང་ ༢༥ ནང་གནས་སྡོད་ན་གཞོན་དགེ་ལེགས་བཟང་པོས་སྐྱེ་ལྡན་སོ་ནམ་འདེབས་ལས་ཐོག་ནས་རང་ཁ་རང་གསོ་ཐུབ་ཡོད། ཁོང་གིས་ཞིང་ཁ་ཨེ་ཀར་ ༩་༨ ནང་ཚལ་རིགས་འདེབས་ལས་དང་། ཞིང་ཚིགས་དང་ཞིང་ཁའི་མཐའ་སྐོར་དུ་འབྲས་ལྡན་དང་འབྲས་མེད་ཤིང་སྣ། ཞིང་ཁའི་བར་མཚམས་རྣམས་སུ་ཏ་ལ་དང་པ་པ་ཡ་སོགས་མཉམ་བསྲེས་འདེབས་འཛུགས་ཀྱིས་ལོ་འཁོར་མོ་སྔོ་ལྗང་སྐྱེད་མོས་ཚལ་ལྟ་བུ་ཡིད་དབང་རང་བཞིན་ཕྲོགས་པའི་ཁོར་ཡུག་ཞིག་ཏུ་གྱུར་འདུག ད་ལྟའི་ཆར་ཆ་ཏི་སི་གྷར་མངའ་སྡེའི་སོ་ནམ་མཐོ་སློབ་ཁག་གི་དགེ་སློབ་མང་པོ་ཞིག་ཁོང་གི་ཞིང་ཁའི་ནང་སྐྱེ་ལྡན་སོ་ནམ་ལ་སློབ་སྦྱོང་སླད་བལྟ་སྐོར་དང་སྤྲོ་འཆམ་ཡོང་སའི་བསྟི་གནས་ལྟ་བུ་གྱུར་འདུག དགེ་ལེགས་བཟང་པོ་ལགས་སུ་ཞིང་ལས་ཐོག་དོ་སྣང་ཇི་ལྟར་བྱུང་ཚུལ་སྐོར་འབྲེལ་ཡོད་ནས་སྐད་ཆ་དྲི་སྐབས། ཁོང་གིས་གཞུང་ནས་ཟབ་སྦྱོང་དང་སྦྱོང་བརྡར་ཐེངས་མང་གནང་བས་སློབ་གསོ་ཐེབས་བྱུང་བ་མ་ཟད། ངས་སྤོབས་སེམས་ལྡན་པའི་ཐོག་ནས་བརྗོད་རྒྱུར། ང་རང་གི་ཨ་མ་དམ་པས། ཕ་ཞིང་སྡུག་ཀྱང་དོ་པོ་གང་། སྤུན་མཆེད་བཟང་ཡང་འཐུ་བ་གང་། ས་ཞིིང་ལ་དོ་སྣང་བྱེད་དགོས། དངུལ་དངུལ་ཁང་དུ་བཅུག་པ་ལས་ཞིང་ལས་ཡར་རྒྱས་ཐོག་འགྲོ་སོང་བཏང་ན་ཁེ་སྤོགས་ཆེ་ལུགས་གསུང་གི་ཡོད། དེ་བདེན་པ་རེད་འདུག སོ་ནམ་ཞིང་ལས་ཐོག་དཀའ་ལས་བརྒྱབ་ན། ཁེ་བཟང་མ་གཏོགས་གྱོང་གུན་ཕོག་རྒྱུ་མེད་པ་ཐག་གཅད་ཆོག་གི་རེད། ངས་ལོ་མང་སྔོན་སུད་ཚོང་ཐེངས་མང་བརྒྱབ་མྱོང་ཡོད། བསམ་བློ་ཡག་པོ་བཏང་ན་ཚོང་ལས་སོ་ནམ་བྱེད་རྒྱུ་ལས་སླ་བ་འདུག ང་རང་ཚོང་མ་བརྒྱབ་པར་ལོ་མང་པོ་ཕྱིན་སོང་། ཞིང་ཁ་ནས་འཚོ་གོས་འདང་ངེས་ཡོང་གི་འདུག་པ་མ་ཟད། ཞིང་ལས་བྱས་ན་ལུས་བདེ་སེམས་སྐྱིད་ཡོང་གི་འདུག ངས་ཨ་མ་དམ་པས་བསླབ་བྱ་ལྟར་ད་བར་ཞིང་ལས་ཐོག་ནས་ཁེ་བཟང་གང་བྱུང་བ་ཕལ་ཆེ་བ་ཞིང་ལས་ཡར་རྒྱས་ཁོ་ནའི་ཆེད་གཏོང་བཞིན་ཡོད། དཔེར་ན། ངས་རང་གིི་ས་ཞིང་ཆ་ཚང་ལ་རྡོ་རྩིག་དང་གཟེར་མ་ར་མགོའི་རྭ་བ་སྲ་བརྟན་བསྐོར་ཡོད། ཞིང་ཆུ་འདྲེན་གཏོང་ཆེད་ཆུ་མཛོད་གསར་རྒྱག་དང་ཞིང་ཆུ་འདྲེན་བྱེད་ཀྱི་འཕྲུལ་འཁོར་རང་སྒྲིག་གསར་འཛུགས་བྱས་པ་ཡིན། ས་ཆུ་བདག་གཅེས་ཆེད་ཞིང་ཚིགས་བཟོ་རྒྱུ་དང་ས་དོང་འབྲུ་རྒྱུ་སོགས་གཞུང་ལ་རེ་མ་དགོས་པར་རང་དོན་རང་གཅེས་བྱས་པ་ཡིན། སོ་ནམ་འདེབས་ལས་རྒྱ་ཆེ་ཙམ་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ་ཞིང་རྨོས་འཕྲུལ་འཁོར་དང་། ཀྲེག་གཞོང་། རྨོས་འཕྲུལ་བཅས་སྒེར་ཉོས་བྱས་ཏེ་ད་ཆ་ཞིང་ལས་ཐོག་གཞན་ལ་རྟེན་མ་དགོས་པ་རང་ཁ་རང་གསོ་ལྟ་བུ་ཆགས་ཡོད། སྐྱེ་ལྡན་ཞིང་པ་ཚད་ལྡན་ཞིག་ཡོང་བར་སྒོ་ཕྱུགས་གསོ་སྐྱོང་ངེས་པར་དགོས་ཀྱི་འདུག ང་རང་ལ་ཆ་མཚོན་ན། ཡུལ་པའི་སྒོ་ཕྱུགས་གྲངས་ ༦ དང་འོ་མ་ཐོན་འབབ་བཟང་བའི་བ་ཕྱུགས་ ༢ ཡོད། ལོ་གཅིག་ནང་འགྲོ་སོང་ཕུད་ཁེ་སྒོར་ ༡༤༢༡༡༠ ཙམ་དང་། བུ་ཕྲུག་གསོ་སྐྱོང་ཆེད་འོ་ཕྱུར་མར་གསུམ་བེལ་བེལ་ལྷུག་ལྷུག་ཐོབ་ཀྱི་འདུག ལོ་གཅིག་ནང་སྦྱར་ལུད་ཀྲོན་ ༣༠ ལྷག་བཟོ་ཐུབ་ཀྱི་འདུག སྦྱར་ལུད་མང་ཆེ་བ་སྐྱེ་ལྡན་ཞིང་ཁར་འདེབས་ཀྱི་ཡོད། ལྷག་མ་རྣམས་རྫས་ལུད་ཞིང་ཁའི་ནང་དུའང་བླུག་གི་ཡོད། རྫས་ལུད་དང་ཟོག་ལུད་མཉམ་བསྲེས་བྱས་ན་སྟོན་ཐོག་ཐོན་འབབ་ཧ་ཅང་ཡག་པོ་ཡོང་གི་འདུག་ཅེས་ལན་འདེབས་གནང་འདུག
ཡང་འབྲེལ་ཡོད་ནས་ཁོང་ལ་ཕྱི་ལོ་ ༢༠༡༡ ལོར་སོ་ནམ་འདེབས་ལས་ཇི་ལྟར་བྱས་སྐོར་བཅར་དྲི་བྱས་པའི་གནས་སྟངས་གཤམ་གསལ།
ཀ༽སྐྱེ་ལྡན་སོ་ནམ་འདེབས་ལས། སྐྱེ་ལྡན་ཞིང་ལས་ཨེ་ཀར་གྲངས་ ༩་༨ འདེབས་ལས་བྱེད་མུས་ཁོངས་ནས། ༡༽དབྱར་ཞིང་ཨེ་ཀར་ ༧ ནང་མ་རྐན། འབྲས། ར་ཇ་མ་སྲན་རིགས། ཞོག་ཁོག་འདེབས་ལས་བྱས་པའི་ཁེ་སྤོགས་སྒོར་ ༤༩༡༢༠ དང་། ༢༽དགུན་ཞིང་ཨེ་ཀར་ ༩་༨ ནང་པད་ཀང་སེར་པོ་དང་དམར་པོ། བྲོ། ནས། གྲའུ། པད་ཀང་། འདེབས་ལས་ནས་ཁེ་སྤོགས་སྒོར་ ༡༡༨༡༥། ༣༽ ཨེ་ཀར་ ༡་༤ ནང་ཚལ་རིགས་མི་འདྲ་བ་ཁག ༠༧ ཙམ་ཞིང་ཆུ་ལ་བརྟེན་ནས་ལོ་འཁོར་མོ་འདེབས་ལས་བྱས་མུས་ལ་ཁེ་སྒོར་ ༨༢༤༧༠། ༤༽ཤིང་འབྲས་ཚོང་འབབ་ནས་ཡོང་འབབ་སྒོར་ ༣༥༥༠༠། ༥ སྒོ་ཕྱུགས་གསོ་སྐྱོང་ཐོག་ནས་སྒོར་ ༡༤༢༡༡༠ བཅས་གོང་གསལ་སྡེ་ཁག་ལྔ་བསྡོམས་པའི་སྐྱེ་ལྡན་སོ་ནམ་ཐོག་ནས་ལོ་གཅིག་གི་གཙང་ཁེ་སྒོར་ ༣༢༡༠༢༥།༠༠ ཙམ་བྱུང་། ལྷག་པར་ཁོང་གིས་སྐྱེ་ལྡན་ཐོན་འབབ་ཕལ་ཆེ་བ་ས་གནས་བདུན་རེའི་ཁྲོམ་ཚོགས་སུ་ཐད་ཚོང་བྱེད་མུས་ཚོང་འབྲེལ་ལ་དཀའ་ངལ་གང་ཡང་མེད་པར་རིན་གོང་གང་ལེགས་ཐོབ་ཀྱི་ཡོད་པའི་གནས་ཚུལ་དང་། ཁ༽རྫས་ལུད་སོ་ནམ་འདེབས་ལས། བོད་མི་ནང་ཁུལ་ནས་ལོ་ལྟར་ས་ཞིང་ཨེཀར་ ༦༠ ནས་ ༨༠ བར་བོགས་ལེན་གྱིས་རྫས་ལུད་སོ་ནམ་འདེབས་ལས་བྱེད་མུས་ནས་ཕྱི་ལོ་ ༢༠༡༡ ལོའི་དབྱར་ཞིང་ཨེ་ཀར་ ༨ ནང་འབྲས་དང་ཞོག་ཁོག་འདེབས་ལས་བྱས་པས་ཁེ་སྤོགས་སྒོར་ ༩༤༧༥༠ དང་། དགུན་ཞིང་གྲའུ་ཨེ་ཀར་གྲངས་ ༦༧་༢༠ ནས་ཁེ་སྒོར་ ༢༤༦༨༠༦ བཅས་ཁྱོན་བོགས་ཨེ་ཀར་ ༧༥་༢༠ འདེབས་ལས་ཐོག་འགྲོ་གྲོན་ཆ་ཚང་ཕུད་པའི་ཁེ་སྒོར་ ༣༤༡༥༥༦ བྱུང་། མདོར་ན་གོང་གསལ་སྐྱེ་ལྡན་སོ་ནམ་འདེབས་ལས་དང་། སྒོ་ཕྱུགས་གསོ་སྐྱོང་། བོགས་ཞིང་འདེབས་ལས་བཅས་ནས་ལོ་འཁོར་གཅིག་གི་གཙང་ཁེ་ཡོང་འབབ་ཁྱོན་བསྡོམས་སྒོར་ ༦༦༢༥༨༡ ཙམ་ཡོང་གི་ཡོད་ཚུལ་གདེང་སྤོབས་ཆེན་པོའི་ངང་ནས་ཞིབ་གནས་འགྲེལ་བརྗོད་གནང་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལས་རྒྱ་གར་གཞུང་མང་ལ་ས་ཆ་མ་འདང་བའི་སྐུ་ངལ་ཆེན་པོ་ཡོད་མུས་ནས་བོད་མི་སྐྱབས་བཅོལ་བར་འཕྲལ་ཕུགས་རྒྱང་གསུམ་གྱི་འཚོ་བའི་རྟེན་གཞིའི་ཆེད་ས་ཞིང་གནང་བའི་ཐུགས་རེ་ཇི་བཞིན་ས་ཞིང་དེ་དག་བེད་སྤྱོད་གང་ལེགས་བྱས་འབྲས་སོ་ནམ་དང་སྒོ་ཕྱུགས་གསོ་སྐྱོང་ཁོ་ནའི་ཐོག་ནས་གཞན་ལ་རྟེན་མ་དགོས་པར་རང་འཚོ་འཁྱོལ་ངེས་ཡོང་གི་ཡོད་འདུག་པ་མངགས་བརྗོད་དང་། རང་རེའི་སྤྱི་ཚོགས་ནང་སོ་ནམ་ཞིང་ལས་ལ་དོ་སྣང་ཡོད་པའི་ན་གཞོན་ཆེས་མང་པོ་ཡོད་པ་དེ་དག་ཀྱང་ཁོང་ལ་མིག་དཔེ་ཡར་འགྲན་ཡོང་བའི་རེ་བ་དང་། གཞིས་ཆགས་ས་ཞིང་ཐོབ་སྐལ་ཡོད་པ་རྣམས་ཀྱི་རིན་ཆེན་གསེར་གྱི་ས་གཞིའི་འཕྲལ་ཕུགས་ཀྱི་རིིན་ཐང་ངོས་འཛིན་ཐུབ་པའི་ཐོག་ནས་ས་སྟོང་བེད་མེད་དུ་མ་བཞག་པར་རང་ས་རང་འདེབས་ཀྱིས་བདག་གཅེས་ཐུབ་ཐབས་སྒོ་ཀུན་ནས་འབད་བརྩོན་གནང་གལ་ཆེ་བའི་འབོད་སྐུལ་ཡང་གནང་འདུག་པ་བཅས། །
བོད་མི་ན་གཞོན་དགེ་ལེགས་བཟང་པོ་ལགས་ཀྱིས་སྐྱེ་ལྡན་སོ་ནམ་འདེབས་ལས་ཐོག་ནས་འཚོ་བ་རང་ཁ་རང་གསོ་ཐུབ་པ།
གསར་གནས།
འབྲེལ་གནས།