༢༠༡༢ ཟླ་ ༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་པོ་མཆོག་གིས་དུས་དབང་ཐང་ཆེན་དུ་དུས་འཁོར་དབང་ཆེན་གྱི་སློབ་མའི་རྗེས་འཛིན་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྒྲུབ་ཞག་སྔོན་དུ་མཛད་གྲུབ་མཚམས་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ནས་སྦྱིན་བདག་རྣམ་པའི་སྐུ་ཚབ་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས་ཐོག་དུས་དབང་ཐང་ཆེན་གྱི་བཞུགས་ཁྲི་རིན་པོ་ཆེར་ྋཞབས་སོར་འཁོད་དེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྔོན་འགྲོའི་སློབ་མ་རྗེས་འཛིན་དབུ་འཛུགས་མ་བསྐྱངས་གོང་དད་ལྡན་ཆོས་ཞུ་བ་ཆིག་འབུམ་བརྒལ་བ་རྣམས་ལ་ལམ་སྟོན་བཀའ་སློབ་ཕེབས་དོན། དེ་རིང་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་མཛད་སའི་གནས་ཁྱད་པར་ཅན་ཆགས་ཡོད། གནས་ཁྱད་པར་ཅན་འདིར་དུས་དབང་བྱ་རྒྱུ་ཡིན། ཕྱོགས་མཐའ་ཁག་མང་པོ་ཞིག་ནས་དོན་གཉེར་ཅན་མང་དག་ཅིག་ངལ་བ་ཁྱད་དུ་བསད་དེ་འབྱོར་ཡོད། ནམ་རྒྱུན་ངོས་ཀྱིས་ཆོས་འབྲེལ་བྱེད་སྐབས་སྔོན་ལ་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་པའི་རྗེས་ལ་ཡོངས་གྲགས་བྱས་ནས་ཆོས་འཁོར་གསུང་རྒྱུ་དེ་བདེན་བཞིའི་གསུངས་ཡོད་པ་ལོ་རྒྱུས་ནང་འཁོད་ཡོད། སངས་རྒྱས་ཀྱི་ཆོས་པ་ཡོངས་སུ་རྫོགས་པའི་བདེན་བཞི་མི་རྟག་བཅུ་དྲུག་ཐོག་ནས་ཉམས་ལེན་བྱ་རྒྱུ་དེ་ཐེག་པ་ཆེ་ཆུང་དང་པཱ་ལི་དང་ལེགས་སྦྱར་ཡོངས་སུ་རྫོགས་པ་གཅིག་གྱུར་ཆགས་ཡོད།
ནམ་རྒྱུན་ཆོས་འབྲེལ་བྱེད་སྐབས་པཱ་ལིའི་མདོའི་ནང་བཀྲ་ཤིས་མདོ་ཞེས་གསུངས་ཀྱི་ཡོད། དེ་ནམ་རྒྱུན་འཕགས་པ་གནས་བརྟན་པའི་ལུགས་ཀྱི་དགེ་འདུན་པ་ཚོས་གསུང་གི་ཡོད། དེ་རྗེས་ལེགས་སྦྱར་གྱི་ཆོས་བརྒྱུད་གཞུང་གཙོ་བོ་དེ་ཤེར་ཕྱིན་གྱི་གཞུང་ཆགས་ཡོད། ཤེར་ཕྱིན་གྱི་གཞུང་ལ་གཞུང་རྒྱས་འབྲིང་བསྡུས་གསུམ་ཡོད། དེ་དག་རེ་རེ་ལ་རྒྱས་བསྡུས་བྱས་པའི་གཞུང་མང་དག་ཅིག་ཡོད། ཐེག་ཆེན་གྱི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་དང་ཀོ་རི་ཡ། ཝི་ཏི་ནམ། ཉི་ཧོང༌། བོད། སོག་པོའི་ཡུལ་ཁག་དེ་དག་ཡོངས་སུ་རྫོགས་པས་ཤེས་རབ་སྙིང་པོ་འདོན་གྱི་ཡོད། བར་སྐབས་ང་ཚོ་རྒྱ་གར་ལ་བསླེབས་ནས་ང་ཚོ་བོད་རིགས་ནང་ནས་སྔ་མོ་ཡིན་ན། བོད་ལ་ལེགས་སྦྱར་སྦྱང་མཁན་ཡོད། དབྱངས་ཅན་སྒྲ་མདོ་དང་སྒྲ་ཙནྜ་པ། ཀ་ལཱ་པའི་གྲས་དེ་དག་ཁྲིད་ཀྱི་ཡོད། ངོས་ཀྱིས་སྒྲ་མཚམས་སྦྱོར་ལྔ་པ་གོ་བརྡ་འཕྲོད་ཀྱི་ཡོད། འོན་ཀྱང་ལེགས་སྦྱར་གྱི་སྐད་ཐོག་ནས་བརྗོད་ཐུབ་ཐབས་མེད། བར་སྐབས་ཝ་རཱ་ཎཱ་སིར་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ནས་དགེ་འདུན་པས་ལེགས་སྦྱར་སྦྱངས་ཏེ་ལེགས་སྦྱར་ཐོག་ནས་ཤེས་རབ་སྙིང་པོ་འདོན་ཐུབ་ཀྱི་ཡོད། ཅེས་བཀའ་སློབ་ཕེབས་ཡོད།
དེ་ནས་ལེགས་སྦྱར་སོགས་སྐད་ནང་རིམ་བཞིན་ཤེས་རབ་སྙིང་པོ་གསུང་འདོན་གནང་སྟེ་མུ་མཐུད་བཀའ་སློབ་སྩལ་དོན། དེ་རིང་སློབ་མ་རྗེས་འཛིན་བྱ་རྒྱུ་ཡིན། རྒྱུན་གཏན་སློབ་མ་རྗེས་འཛིན་སྦྱིན་བདག་གཙོ་བོ་ཉུང་ཤས་ཤིག་ལ་སློབ་མ་རྗེས་འཛིན་བྱ་རྒྱུའི་ཕྱག་སྲོལ་ཞིག་ཡོད། དེ་རིང་འདིར་ཕྱོགས་མཐའ་ཁག་ནས་མི་མང་དག་ཅིག་འཛོམས་ཡོད། དེ་རིང་གི་སློབ་མ་རྗེས་འཛིན་མང་ཚོགས་མཉམ་དུ་བྱ་རྒྱུ་ཡིན། དེ་རིང་འདིར་གོང་དུ་ཞུས་པ་ལྟར་གནས་ཁྱད་པར་ཅན་རྒྱལ་བ་རང་ཉིད་སངས་རྒྱས་པའི་གནས་དང་སྟོན་པ་བཀའ་དྲིན་ཅན་དེའི་བསྟན་པ་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་ཕྱིན་པའི་རིང་ལ་གཙོ་བོ་རྒྱ་གར་འཕགས་པའི་ཡུལ་གྱི་ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱིས་ཞབས་ཀྱི་བཅགས་ནས་བྱིན་གྱི་རླབས་པ་ལྟ་བུ་ཆགས་ཡོད། བོད་གངས་ཅན་ལྗོངས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་མང་དག་ཅིག་གིས་ཞབས་ཀྱི་བཅགས་ཡོད། དེ་བཞིན་བོད་ལ་སངས་རྒྱས་ཀྱི་ཆོས་མ་དར་གོང་ནས་རྒྱ་ནག་ལ་ལོ་ཧ་ལམ་གསུམ་བརྒྱ་བཞི་བརྒྱའི་གོང་ནས་ནང་ཆོས་དར་ཡོད། རྒྱ་ཡི་མཁན་པོ་མང་དག་ཅིག་ཧ་ཅང་དཀའ་ལས་བསྐྱོན་ནས་འདིར་ཕེབས་ཡོད། གང་ལྟར་གནས་མཆོག་རྡོ་རྗེ་གདན་བརྗོད་སྐབས་འཛམ་གླིང་འདིའི་སྟེང་གི་ནང་པའི་ཡུལ་གྲུ་ཚང་མས་འདིར་གནས་སྐོར་དང་ཕྱག་མཆོད་འབུལ། དེ་བཞིན་སྨོན་ལམ་འདོན་རྒྱུ་གནས་ཆེན་ཞིག་ཆགས་ཡོད། ཚད་ལྡན་གྱི་ངག་ནས་རྡོ་རྗེ་གདན་ནས་དུས་འཁོར་དབང་ཆེན་ཐོབ་ན་དུས་འཁོར་དབང་ཆེན་ཚར་བདུན་ཐོབ་པའི་ཕན་ཡོན་ཡོད་ཅེས་གོ་ཐོས་ཡོང་གི་འདུག གང་ལྟར་དེ་རིང་ང་ཚོ་མི་མང་དག་ཅིག་དུས་འཁོར་དབང་ཆེན་དུ་འཛོམས་ཏེ་ཁྱེད་རང་ཚོས་དཀའ་ངལ་དང་དུ་བླངས་ནས་ཡོང་བ་རེད། ཚང་མས་དཀའ་ལས་བརྒྱབ་ནས་འདི་གར་ཡོང་བར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། དེ་རིང་དུས་ཚོད་དེ་ཡང་མ་བསྒྲིགས་ལྷུན་གྲུབ་ལྟ་བུ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡ རེད། ཁྱེད་རང་ཚོ་ཚང་མར་ཕྱི་ལོ་ལོ་གསར་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་གི་ཡོད། འཛམ་གླིང་འདིའི་ཐོག་དུས་རབས་ཉེར་གཅིག་ནང་འགྱུར་བ་མང་དག་འགྲོ་གི་ཡོད། གང་ལྟར་དུས་རབས་ཉི་ཤུའི་མཇུག་དེ་འདྲ་ནས་འཛམ་གླིང་འདིའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་མང་དག་འགྲོ་གི་ཡོད། དེའི་ནང་ནས་ད་ལྟ་འདིར་འབྲེལ་ཡོད་ལ་ཆ་བཞག་ན། དེ་སྔ་ཡིན་ན། སྤྱིར་བཏང་དངོས་པོའི་གནས་ཚུལ་ཁོ་ནར་བསམ་བློ་གཏོང་རྒྱུ་དང་དངོས་པོའི་མཐུན་རྐྱེན་གཅིག་པུ་ཡར་རྒྱས་འགྲོ་རྒྱུ་ཁོ་ནར་བསམ་སྡོད་མཁན་ཞིག་ཆགས་ཡོད། དུས་རབས་ཉི་ཤུའི་སྨད་ཆ་ནས་གཞི་ནས་ཕྱི་དངོས་པོ་ཡར་རྒྱས་ཡོད་ཀྱང་མི་ལ་སེམས་ཀྱི་བདེ་སྐྱིད་ལ་ངེས་པ་མེད་པ་བྱས་ཏེ་དེ་ལྟ་བུའི་ཐོག་ནས་གཞི་ནས་ནང་སེམས་ཀྱི་རྣམ་གཞག་ཐོག་ལ་དོ་སྣང་གསར་པ་བྱེད་ཀྱི་འདུག ཚན་རིག་པ་ནང་ནས་ཡིན་ནའང་ཀླད་རྩ་ཕྲ་མོའི་རྣམ་གཞག་ཞིབ་འཇུག་བྱེད་མཁན་དེ་དག་གིས་ཀླད་པ་དང་སེམས་དབར་འབྲེལ་བ་ཆེན་པོ་ཡོད་སྟབས། སེམས་ཀྱི་རྣམ་གཞག་ལ་དོ་སྣང་གསར་པ་དང་ཉམས་ཞིབ་བྱ་རྒྱུའི་འགོ་ཞིག་ཚུགས་ཡོད། གང་ལྟར་སེམས་ཀྱི་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་སྐབས། རང་བཞིན་གྱིས་སེམས་བཟོ་བཅོས་རྒྱག་རྒྱུ་དང་སེམས་ཀྱི་རྣམ་གཞག་ཐོག་འགྲེལ་བཤད་ཞིབ་ཚགས་ཡོད་པ་དེ་སྤྱིར་རྒྱ་གར་གྱི་གནའ་རབས་ཀྱི་ཆོས་བརྒྱུད་གཅིག་པུས་འཕྲལ་ཕུགས་གང་ལ་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ཡོད་སར་སེམས་ཀྱི་རྣམ་གཞག་སླེབས་ཡོང་གི་ཡོད། རྒྱ་གར་གྱི་ཆོས་བརྒྱུད་སྤྱི་དང་དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་ཀྱི་སེམས་ཀྱི་རྣམ་གཞག་དང་སེམས་ལ་བཟོ་བཅོས་རྒྱག་སྟངས་མང་དག་ཡོད་སྟབས། དེ་ཚོའི་གྲས་ལ་དེ་རིང་ཁ་སང་དོ་སྣང་གསར་པ་ཞིག་བྱ་རྒྱུ་ཆགས་ཡོད། དེ་རིང་ང་ཚོ་རྒྱ་གར་དུ་ཡོད་པའི་བྱེས་ཀྱི་གདན་ས་གསུམ་གྱིས་མཚོན་པའི་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་རིས་སུ་མ་ཕྱེ་པའི་ཆོས་བརྒྱུད་མང་དག་ཅིག་ནས་རབ་བྱུང་ཕོ་མོ་མང་པོ་ཞིག་འདི་གར་ཕེབས་ཡོད།
དེ་བཞིན་ཆོས་བརྒྱུད་ཀྱི་དབུ་ཁྲིད་ཁག་ཕེབས་ཡོད། དེ་ནས་གཙོ་ཆེ་བ་ཞིག་ལ་བོད་ནས་ཁྱེད་རང་ཚོ་ཆེད་མངགས་མང་དག་ཅིག་སླེབས་ཡོད། ཁྱེད་རང་ཚོ་དང་ང་ཚོ་ཡང་ཡང་ཐུག་སྟེ་ཆོས་འབྲེལ་བྱ་རྒྱུའི་གོ་སྐབས་མེད། ལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་བསམ་བློ་གུ་དོག་པོ་དེ་དག་གིས་བོད་ཀྱི་ཆོས་དང་སྐད་ཡིག་བརྗོད་སྐབས་ཕྲན་བུ་མི་བདེ་བ་བྱས་པའི་ཐོག་ནས་དམ་བསྒྲགས་བྱེད་ཀྱི་ཡོད་པས་ཁྱེད་རང་ཚོར་སངས་རྒྱས་པའི་ཆོས་གོ་རྒྱུ་སོགས་འགལ་རྐྱེན་མང་པོ་ཞིག་འདུག ཁྱེད་རང་ཚོས་དེ་རིང་ངལ་བ་ཁྱད་དུ་བསད་ནས་དཀའ་ངལ་མང་དག་ཅིག་དང་དུ་བླངས་ནས་འདིར་ཡོང་ཡོད་པར་བརྟེན་ཁྱེད་རང་ཚོ་དུས་དབང་གི་གདུལ་བྱ་གཙོ་བོ་ཡིན་པས་གཟབ་ནན་ཐོག་ཉན་ཨང༌། དེ་བཞིན་འཛམ་གླིང་འདིའི་ཐོག་རྒྱ་རིགས་ཚོ་ཕ་མེས་ནས་ནང་ཆོས་ལ་ཧ་ཅང་འབྲེལ་བ་ཡོད། དཔེར་ན། རྒྱ་ནག་རྒྱལ་ཁབ་དེ་ཧ་ལམ་ནང་པའི་རྒྱལ་ཁབ་ལ་ངོས་འཛིན་བྱས་ཆོག་པ་ཞིག་ཡིན། རྒྱ་རིགས་སིང་གྷ་པུར་དང༌། མ་ལི་ཤི་ཡ། ཐེ་ཝན་སོགས་ནས་རྒྱ་རིགས་མང་དག་ཅིག་འབྱོར་ཡོད། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་མོ་ནས་གང་ཙམ་ཞིག་འབྱོར་ཡོད་པ་ཁྱེད་རང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་ཀྱང་ཆོས་དོན་གཉེར་ཆེད་དཀའ་ངལ་ཁྱད་དུ་བསད་ནས་ཡོང་གི་ཡོད། ཁྱེད་རང་ཚོ་ཡང་ཆེད་དུ་བྱས་པའི་གདུལ་བྱ་གཙོ་བོ་ཡིན། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་དེ་དག་ཀྱང་བོད་གངས་ཅན་ལྗོངས་དང་འདབས་འབྲེལ་ཡོད་སྟབས། ས་ཁུལ་དེ་དག་གི་སངས་རྒྱས་པའི་ཆོས་དར་བ་ཞིག་ཆགས་ཡོད། ཐོག་མར་རྒྱ་གར་ནས་བོད་དུ་དར་བ་རེད། དཔེར་ན། ཧི་མ་ལ་ཡའི་ས་ཁུལ་དེ་དག་དགོན་པ་ཡིན་ནའང་འདྲ། ཁྱིམ་ཚང་དྲག་གྲས་་དེ་དག་ལ་བཀའ་འགྱུར་ཡོད་པ་དེ་བཞིན་དགོན་པ་ཚོར་ཡང་བཀའ་འགྱུར་བསྟན་འགྱུར་བྱས་ནས་ང་ཚོ་ཚང་མ་ཡོངས་གྲགས་ཆགས་ཡོད། ཁྱིམ་ཚང་ཉམ་ཆུང་ཞིག་གི་ནང་རྒྱས་སྟོང་དང་མདོ་སྡེ་སྐལ་བཟང་ཉར་བ་དེ་འདྲ་ཡོང་གི་འདུག དེ་དག་ཆ་ཚང་བོད་ཡིག་ནང་ཡོད་པ་དེ་ཆགས་ཡོད། བོད་ནས་དར་བ་ཞིག་རེད། བར་སྐབས་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་ཀྱི་ནང་ཆོས་བྱེད་མཁན་ཚོས་ཆོས་ཞེས་པ་དེ་སློབ་སྦྱོང་བྱ་རྒྱུ་རེད་འདུག་བསམས་ཏེ་གཞི་ནས་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག དེ་བཞིན་སྔར་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་པའི་ཨ་རི་དང་ཡུ་རོབ་ཀྱི་ཡུལ་གྲུ་ཁག་མང་པོ་ཞིག་གི་ནང་དེ་རིང་ཁ་སང་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་ཡོང་གི་ཡོད།
ང་ཚོ་སངས་རྒྱས་པའི་ཆོས་བྱེད་མཁན་རྒྱ་མི་དང་ཀོ་རི་ཡ། ཝི་ཏི་ནམ། ཉི་ཧོང༌། འབར་མ། ཐེ་ལན། ཤི་རི་ལངྐ༌། ཀམ་པུ་ཊི་ཡ། ལའོ་སི། བོད་གངས་ཅན་ལྗོངས་ཀྱི་འདབས་སུ་ཆགས་པའི་ནང་པ་ཚོ་རེད། ང་ཚོ་ནང་པའི་ཆོས་ལ་དོ་སྣང་ཡོད་མཁན་གྱི་མི་ཚོས་ནང་པའི་ཆོས་སྨོན་ལམ་བརྒྱབ་ནས་སྡོད་རྒྱུ་ཞིག་མིན་པར་ནང་པ་སངས་རྒྱས་པའི་ཆོས་ཞེས་པ་དེ་སེམས་ལ་བཟོ་བཅོས་རྒྱག་རྒྱུ་ཞིག་ཡིན། སངས་རྒྱས་ལ་སྐྱབས་སུ་མཆི་ཞེས་བརྗོད་ཀྱི་ཡོད་ཀྱང་གཙོ་བོ་ཆོས་ལ་སྐྱབས་སུ་མཆིའོ་བརྗོད་ཀྱི་འདུག ཆོས་ལ་སྐྱབས་སུ་མཆིའོ་ཞེས་པའི་དོན་དག་དེ་སོ་སོའི་སེམས་རྒྱུད་བསྒྱུར་བ་བཏང་སྟེ་བདེན་པ་མངོན་སུམ་དུ་མཐོང་རྒྱུ་བློ་ཞིག་སྐྱེད་རྒྱུ་དང་བློ་སྐྱེད་སྐབས། བདེན་པར་ཕྱིན་ལོག་པར་མཐོང་གི་ཡོད་པའི་བློ་དེ་རང་བཞིན་གྱིས་སེལ་འགྲོ་གི་ཡོད། དེ་ལྟ་བུ་ཞིག་ལ་ཆོས་དཀོན་མཆོག་ཅེས་བརྗོད་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་དེ་ལྟ་བུའི་ཆོས་སྟོན་མཁན་རེད་མ་གཏོགས་སྐྱབས་དངོས་ཆགས་མེད། དགེ་འདུན་དེ་ལྟ་བུའི་ཆོས་དཀོན་མཆོག་ཐོག་མར་མངོན་དུ་གྱུར་ནས་རིམ་བཞིན་ཇི་ཟབ་འགྲོ་མཁན་ཞིག་བསླབ་པའི་དགེ་འདུན་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གིས་སངས་རྒྱས་པའི་ཆོས་བྱེད་སྟངས་དེ་སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ཡོད་པའི་ཆོས་ལ་སྐྱབས་སུ་མཆིའོ་གཅིག་པུ་མ་ཡིན་པར་གཙོ་བོ་འབྱུང་འགྱུར་ང་རང་ཚོའི་རྒྱུད་ལ་བདེན་པ་མངོན་སུམ་དུ་མཐོང་བའི་བློ་དང་དེ་ཡི་སྤང་བྱ་སྤང་པའི་བྲལ་བའི་ཡོན་ཏན་དེ་རང་རྒྱུད་སྐྱེ་ན་འཇིགས་པ་ལས་སྐྱབས་རྒྱུའི་འགོ་དང་པོ་ཚུགས་ཀྱི་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་སྐྱབས་འགྲོ་བྱེད་སྐབས་ཆོས་དཀོན་མཆོག་ངོ་ཤེས་པ་བྱེད་དགོས། ཆོས་དཀོན་མཆོག་ངོ་ཤེས་པའི་ཐོག་ནས་ཆོས་དཀོན་མཆོག་སྡུག་བསྔལ་གྱི་འཇིགས་པ་ལས་སྐྱོབ་མཁན་གྱི་སྐྱབས་གནས་ངོ་མ་དེ་ཡིན། དེ་ངའི་རྒྱུད་ལ་སྐྱེད་པ་བྱེད་ཀྱི་ཡིན་བསམས་པ་ཞིག་སྐྱབས་སུ་འགྲོ་སྟངས་དེ་ལྟར་རེད། སོ་སོས་འགུལ་སྐྱོད་གང་ཡང་མ་བརྒྱབ་པར་སངས་རྒྱས་ཀྱིས་མཁྱེན་ཞེས་བརྗོད་པས་འགྲིག་གི་མེད། བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱེད་ལ་མཐར་པའི་བསྟན་གྱིས། །མཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་གསུངས་ཡོད། བཅོམ་ལྡན་འདས་ཁོང་རང་ཉིད་ཀྱི་སྤང་རྟོགས་ཀྱི་ཡོན་ཏན་མངོན་དུ་གྱུར་པའི་ཉམས་མྱོང་ཐོག་ནས་ལམ་བསྟན་ཡོད། བཅོམ་ལྡན་འདས་ཁོང་རང་གི་ཐུགས་རྒྱུད་མངོན་དུ་གྱུར་བའི་སྤང་རྟོགས་ཀྱི་ཡོན་ཏན་དེ་ཐོབ་དང་མི་ཐོབ་ཅེས་པ་དེ་ཁྱེད་རང་ཚོར་རག་ལས་ཡོད། ཁྱེད་རང་ཚོས་ངས་ལམ་བསྟན་ཡོད་པ་དེའི་ཐོག་ཡག་པོ་ཞིག་ཉམས་ལེན་བྱས་ནས་ཡོང་ན། བཅོམ་ལྡན་འདས་ལྟར་སྤང་རྟོགས་མཐར་ཕྱིན་པ་ཞིག་ཡོང་ཐུབ་ཀྱི་རེད་མ་གཏོགས་བཅོམ་ལྡན་འདས་ཁོང་རང་གི་ཐུགས་རྒྱུད་ཀྱི་ཡོན་ཏན་དེ་གདུལ་བྱ་ལ་མར་བྱིན་རླབས་གནང་སྟེ་གདུལ་བྱའི་ཐུགས་ལ་རྟོགས་པ་སྐྱེད་རྒྱུ་དང༌། གདུལ་བྱའི་རྒྱུད་ཀྱི་སྡིག་སྒྲིབ་ཆུ་འཁྲུ་རྒྱུ་དེ་འདྲ་མེད།
དེ་ཡང་མདོའི་ནང༌། ཐུབ་རྣམ་སྡིག་པ་ཆུ་ཡིས་མི་འཁྲུ་ལ། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པའི་བསྟན་པས་གྲོལ་བར་མཛོད། བདེན་པའི་གནས་ལུགས་ལ་ཉམས་མྱོང་ཐོག་ནས་མངོན་དུ་གྱུར་བ་དེ་བསྟན་གནང་ཡོད། གདུལ་བྱ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཚོས་དེ་ཚུལ་བཞིན་དུ་ཉམས་སུ་ལེན་ནས་བཅོམ་ལྡན་འདས་དང་འདྲ་བ་ཞིག་ང་རང་ཚོས་བྱེད་ཐུབ་པ་དགོས། གང་ལྟར་ང་ཚོ་སངས་རྒྱས་ཀྱི་ཆོས་པ་ཞིག་གི་མཐར་ཐུག་གི་དམིགས་ཡུལ་དེ་ག་རེ་རེད་དམ་ཞེ་ན། སངས་རྒྱས་ཀྱི་གོ་འཕང་འདོད་ཀྱི་ཡོད། སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པ་བྱ་རྒྱུའི་སྒྲུབ་བྱ་དེ་ཡིན་པ་ཤེས་པ་བྱས་ནས་དེ་སྒྲུབ་བྱེད་ཀྱི་ཐབས་དེ་ཉིན་རེའི་བཞིན་དུ་ལག་ལེན་འགོ་འཛུགས་ནས་འགྲོ་དགོས་པ་ཞིག་ཡིན། སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱས་ནས་ཤེས་པ་བྱ་རྒྱུ་ཞིག་རེད་མ་གཏོགས་མཆོག་གསུམ་སྐྱབས་སུ་མཆིའོ་ཞེས་བརྗོད་པས་ཕན་གྱི་མེད། ངོས་ཀྱིས་ནམ་རྒྱུན་བཀའ་ཆོས་བྱེད་སྐབས་འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེན་པོ་རྩི་བཞིན་ཡོད། ང་ཚོ་མང་པོ་ཞིག་ལ་དངོས་གནས་དྲང་གནས་ཀྱི་དད་པ་རྨ་མེད་པ་ཡོད་པ་རེད། ཆོས་ཞེས་བརྗོད་སྐབས་དད་པ་དང་སྨོན་ལམ་རྒྱག་རྒྱུ་མ་གཏོགས་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཡིན་པའི་དོ་སྣང་བྱེད་ཀྱི་མི་འདུག་པས་དེ་ང་ཚོ་རྗེས་ལུས་རེད། ངོས་ཀྱིས་རྒྱུན་དུ་ནས་ང་ཚོ་ནང་པ་དེ་དག་དུས་རབས་ཉེར་གཅིག་གི་ནང་པ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད།
མདོ་དོན་སྙིང་པོ་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་ཞུས་བར་ཕྱིན་ཏེ་བཀའ་ཆོས་མང་པོ་ཞིག་གནང་སོང་ཡང་ཧ་གོ་མ་སོང་ཟེར་རྒྱུ་མིན་པར། མི་དགོས་ཆོད་པ་ཞིག་བྱེད་དགོས། ངོས་ཀྱིས་ལོ་རྒྱུས་ཤིག་བརྗོད་ཀྱི་ཡིན། སྔོན་ལ་འདི་གར་དུས་འཁོར་དབང་ཆེན་བྱེད་སྐབས་བོད་འཕན་པོ་ནས་ཡོང་བའི་མི་ཞིག་རེད། བོད་ཡིག་ཧ་ཅང་ཡག་པོ་འདུག ལོ་དེར་ངོས་ཀྱིས་སྔོན་འགྲོ་གསུང་ཆོས་སྤྱོད་འཇུག་བཤད་པ་རེད། དུས་དབང་ཚར་རྗེས་ངོས་ཀྱིས་པོ་ལགས་དེ་ཐུག་བྱུང༌། རྡོ་རྗེ་གདན་ལ་དུས་དབང་ཞུས་ཏེ་གང་འདྲ་བྱུང་སོང་ངམ་ཞེས་སྐད་ཆ་དྲིས་པས་དུས་འཁོར་དབང་ཧ་ཅང་སྐལ་པ་བཟང་པོ་བྱུང༌། འོན་ཀྱང་ཁོ་རང་ཕན་ཤོས་སྤྱོད་འཇུག་བྱུང་ཞེས་བརྗོད་བྱུང༌། ད་དུང་པོ་ལགས་དེས་དེ་སྔ་ཕན་ཆད་ང་ཚོས་ནང་ཆོས་གང་འདྲ་ཡིན་པ་ཤེས་མི་འདུག ད་ཆ་སངས་རྒྱས་ཆོས་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་གཞི་ནས་ཤེས་བྱུང༌། བོད་ལ་ལོགས་རྗེས་སོ་སོའི་ངོ་ཤེས་པ་ཚོར་ང་ཚོའི་ཕ་མེས་ཆོས་འདི་འདྲ་ཞིག་རེད་འདུག་ཅེས་འགྲེལ་བཤད་རྒྱག་གི་ཡིན་ཞེས་བརྗོད་བྱུང༌། དབང་བྱས་ནས་བྱིན་རླབས་ཐོབ་རྒྱུ་ཡོང་གི་རེད་ཀྱང་ངོས་ཀྱིས་གཙོ་བོ་སྔོན་འགྲོའི་ཆོས་འགྲེལ་བཤད་རྒྱུ་དེ་གལ་ཆེ་བརྩི་བཞིན་ཡོད། ཏཱ་ལའི་བླ་མས་དབང་བྱེད་སྐབས་དགེ་ཕྲུག་ཚོར་ཡང་ལས་ཀ་མང་པོ་འདུག ཅེས་ཕྱི་རྒྱལ་དེ་འདྲ་བརྗོད་ཀྱི་ཡོད་པ་ངོས་ཀྱིས་གོ་ཐོས་བྱུང༌། ཡང་འགྲེལ་བཤད་ཞེ་དྲག་རྒྱག་རྒྱུ་མེད་པའི་བཀའ་དབང་གནང་མཁན་དེ་ཚོའི་གྲས་ཏེ་སྨོན་ལམ་བརྒྱབ་པ་མ་གཏོགས་ཞེ་དྲག་བསམ་བློ་གཏོང་རྒྱུ་མེད་པ་འདྲ་ཕྲན་བུ་ལས་སླ་བ་འདུག ཏཱ་ལའི་བླ་མའི་འགྲམ་ནས་དབང་ཞུ་སྐབས་ཧ་ཅང་ལས་ཀ་མང་པོ་འདུག་ཅེས་བརྗོད་འདུག ང་ཚོ་རྒྱ་གར་དུ་སླེབས་ནས་ལོ་ལྔ་བཅུ་ང་གྲངས་དེའི་ནང་མི་མང་དག་ཅིག་ཐུག་སྟེ་ངོ་ཤེས་མང་པོ་ཞིག་ཆགས་སྐབས་དེ་སྔ་ང་རང་ཚོའི་བོད་ལ་འཐུས་ཤོར་ག་ཚོད་བཏང་བ་དེ་དག་གཞི་ནས་ཤེས་ཀྱི་འདུག བཤད་སྒྲུབ་ཀྱི་བསྟན་པ་འཛིན་མཁན་ཡོད་ཀྱང་མང་ཚོགས་ཀྱིས་ནང་ཆོས་ཞེས་བརྗོད་སྐབས་གཟུང་སྔགས་དང་དད་པ་བྱ་རྒྱུ་ཞིག་མ་གཏོགས་དེ་ལ་སློབ་སྦྱོང་བྱ་རྒྱུ་འདུ་ཤེས་མེད་པ་ལྟ་བུ་འདུག གཞུང་ཆེན་མོ་ལྟ་དགོས་ཞེས་ན་གདན་ས་ཆེན་པོར་ཡོད་མཁན་ཚོར་ཁྲིད་པ་ལྟ་བུ་མ་གཏོགས་སྤྱིར་བཏང་ནང་པའི་ཆོས་ལ་དད་པ་ཡོད་མཁན་ཞིག་གི་དེ་དག་ལྟ་དགོས་ཀྱི་མཐོང་གི་འདུག་པས་དེ་ང་ཚོའི་ནོར་འཁྲུལ་རེད་འདུག གང་ལྟར་དུས་རབས་ཉེར་གཅིག་གི་ནང་པ་ཞེས་བརྗོད་སྐབས། དད་པ་བྱེད་སའི་ཆོས་ཡག་པོ་ཞིག་ཤེས་པའི་ཐོག་ནས་ཆོས་བྱས་ན་ནུས་པ་ཐོན་པ་ཡོང་གི་རེད། དོན་དག་གང་ཡང་མི་ཤེས་པར་མ་ཎི་དུང་ཕྱུར་མང་པོ་གསག་པ་ལས་དོན་དག་ཤེས་པའི་ཐོག་ནས་མ་ཎི་ཕྲེང་སྐོར་གཅིག་བགྲངས་ནས་དེ་བྱིན་རླབས་ཆེ་བ་ཡོད་པས་དོན་དག་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དུས་འཁོར་དབང་ཆེན་ཚར་ནས་སོ་སོའི་གནས་ལ་ལོག་སྐབས། ཆོས་སྐྱེས་ནས་གང་ལ་གང་ཙམ་ཞིག་འཁྱེར་རྒྱུ་ཡོད་པ་བྱུང་ན། ངོས་དང་ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་དེ་གོ་ཆོད་པ་རེད། དཀའ་ལས་བརྒྱབ་པ་དེ་དག་འཕྲལ་སེལ་དཀའ་ངལ་ཙམ་མ་ཡིན་པར་ཚོགས་གསོག་སྒྲིབ་བྱང་ཡོང་གི་རེད། དེ་མིན་གོ་རྒྱུ་གང་ཡང་མེད་པ་བྱས་ཏེ་རྡོ་རྗེ་གདན་དུ་ཕྱིན་པ་ཡིན་མི་མང་པོ་འདུག་ལ་དུས་འཁོར་དབང་ཆེན་ཐོབ་བྱུང་ཞེས་གོ་རྒྱུ་གང་ཡང་མ་བྱུང་བར་བསྡད་ན་དཀའ་ལས་བརྒྱབ་པ་སྡུག་གྱོང་ལྟ་བུ་རེད། ཆོས་ཀྱི་སྙིང་པོ་དེ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རེད། རང་གཞན་དོན་གང་ཞིག་ཡིན་རུང་བྱང་ཆུབ་སེམས་སྒོམ་རྒྱུ་ལས་ལྷག་པ་ཞིག་མེད། ཅེས་བཀའ་སློབ་སྩལ་ཏེ་སློབ་མ་རྗེས་འཛིན་གྱི་དབུ་འཛུགས་མཛད་ཡོད་པ་བཅས། །