༢༠༡༢ ཟླ་ ༡ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༩ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ གི་དངོས་གཞིའི་ཉིན་དང་པོ་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྒྲུབ་ཞག་སྔོན་དུ་མཛད་གྲུབ་མཚམས་ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་མགོན་པོ་གང་ཉིད་མཆོག་བཞུགས་གནས་གཟིམ་ཆུང་ནས་དུས་དབང་སྦྱིན་བདག་རྣམས་པའི་འཐུས་ཚབ་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས་ཐོག་དུས་དབང་ཐང་ཆེན་གྱི་སྡིངས་ཆའི་སྟེང་དུ་ཆིབས་བསྐྱངས་ཏེ་ྋགོང་ས་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་རྡོ་རྗེ་མཁའ་མཆོག་གི་མི་ཚེའི་ལོ་རྒྱུས་(Loving Servant of the People) འབངས་ལ་བརྩེ་བའི་རྗེ་བོ་ཞེས་པའི་དཔེ་དེབ་དབུ་འབྱེད་བསྐྱངས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དངོས་གཞི་དབུ་འཛུགས་མ་བསྐྱངས་གོང་བལ་པོའི་དགེ་འདུན་པ་ཁག་གཅིག་གིས་ཤེས་རབ་སྙིང་པོ་གསུང་འདོན་གནང༌། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དུས་འཁོར་གྱི་དངོས་གཞིའི་སྔོན་ལ་དད་ལྡན་ཆོས་ཞུ་བ་འབུམ་གཉིས་བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། རྟ་མང་དང་ཤར་པ་ཨ་ཅང་བརྗོད་མེད། རྒུ་རུམ་སོགས་མང་པོ་ཞིག་གིས་སོ་སོའི་ཕ་མེས་ཀྱི་ཆོས་ལ་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་པ་དང་འབྲེལ་ནས་ནང་ཆོས་སློབ་སྦྱོང་བྱ་རྒྱུར་དོ་སྣང་ཕལ་ཆེར་ཡོང་གི་ཡོད་པ་ལྟ་བུ་འདུག་པས་ཧ་ཅང་ཡག་པོ་རེད། བལ་ཡུལ་གྱི་མི་འབོར་བརྒྱ་ཆ་ཉི་ཤུ་སུམ་ཅུ་ཕ་མེས་ནས་ནང་པའི་ཆོས་དང་འབྲེལ་བ་ཡོད་པ་ཤོད་ཀྱི་འདུག དེ་དང་ཆབས་ཅིག་སོ་སོའི་རིག་གཞུང་ཟེར་ན་མི་འདུག གོམས་གཤིས་ཐོག་ནས་དཔེར་ན། བོད་པའི་ལོ་གསར་ལ་ལོ་གསར་བརྩིས་ཏེ་དོ་སྣང་བྱེད་ཀྱི་ཡོད་པ་ལྟ་བུ་འདུག་པས་ཧ་ཅང་ཡག་པོ་རེད། བོད་ནང་གི་ས་ཁུལ་ཁ་ཤས་ལ་ང་ཚོ་ནམ་རྒྱུན་བོད་ཡོངས་རྫོགས་ལ་སྤྱི་ཁྱབ་ཀྱི་བོད་ལོ་ཟླ་བ་བཅུ་གཉིས་བརྩིས་ནས་ལོ་གསར་ཞིག་ཡོང་གི་ཡོད། དཔེར་ན། བོད་ཟླ་དང་པོའི་ཚེས་གཅིག་བརྗོད་སྐབས། མ་མོ་རྒྱུགས་པའི་དུས་ཚོད་གལ་ཆེ་བ་ཞིག་རྩིས་ཀྱི་ཡོད། དེས་རྐྱེན་པའི་ཕལ་ཆེར་དགོན་པ་དེ་འདྲ་མང་པོ་ཞིག་གིས་བོད་ཟླ་དང་པོའི་ཚེས་གཅིག་ལ་དཔལ་ལྡན་ལྷ་མོ་གཙོ་བོར་གྱུར་པའི་མ་མོ་གསོ་རྒྱུའི་ལུགས་སྲོལ་ཞིག་འདུག དེ་རིང་ཁ་སང་བོད་ཀྱི་ས་ཁུལ་གཅིག་ལ་བོད་པའི་ལོ་གསར་བརྗེད་པ་ལྟ་བུ་ཡོང་གི་ཡོད་ས་རེད། བལ་ཡུལ་ཆ་བཞག་ན། ཁོང་ཚོས་གཞི་ནས་བོད་པའི་ལོ་གསར་ལ་དོ་སྣང་གསར་པ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་བོད་ནང་ཡོད་མཁན་གྱི་བོད་པ་ཚོས་ངེས་པར་དུ་སོ་སོ་རང་གི་རྩིས་ཀྱི་འགྲོ་སྟངས་ལྟར་ཟླ་བ་དང་པོའི་ཚེས་གཅིག་བརྩི་རྒྱུ་དེར་གནད་འགག་འདུག དེ་བཞིན་བོད་ནང་དཔལ་འབྱོར་ཕྲན་བུ་དྲག་ཏུ་འགྲོ་སྐབས། རྒྱན་ཆེན་པོ་བཙུགས་ནས་མཱ་ཅང་རྩེད་རྒྱུ་སོགས་བྱེད་ཀྱི་འདུག་པས་ཡག་པོ་རྩ་བ་ནས་མིན། རྒྱན་ཆེན་པོ་མེད་པར་ཤོ་ལྟ་བུ་རྩེད་ཏེ་ཤོ་བཤད་བཏང་ནས་འདྲ་ཆགས་པོ་ཞིག་བྱ་རྒྱུ་འདུག་པས་ཐལ་ཆ་མེད་པ་ལྟ་བུ་རེད། རྒྱན་ཆེན་པོ་བཙུགས་ནས་རྒྱན་རྩེད་རིགས་རྩ་བ་ནས་རྩེ་རྒྱུ་མེད། དེ་དང་ཆབས་ཅིག་དངུལ་ཕྲན་བུ་མང་དུ་འགྲོ་སྐབས། གསེར་དངུལ་རྒྱན་ཆ་ཧ་ལས་པ་དེ་འདྲ་བཟོས་ནས་འདོགས་རྒྱུ་དེ་ལྟར་བྱ་རྒྱུ་མེད། ལོ་གཅིག་གཅན་གཟན་གྱི་པགས་རིགས་གྱོན་རྒྱུ་མེད་པའི་ངོས་ཀྱིས་འབུལ་སྐུལ་བྱས་པ་ལྟར་ཚུལ་བཞིན་དུ་བསྒྲུབས་ནས་ཧ་ཅང་ཡག་པོ་བྱས་འདུག མགོར་རྒྱན་ཆ་གཡུ་དང་བྱུ་རུ་འཁྱོག་ཚད་བཏགས་ཏེ་ནང་དུ་ཡོན་ཏན་གང་ཡང་མེད་པར་བརྟེན། ཕྱིར་བཏགས་པའི་རྒྱན་ཆ་དེ་དག་ལྗི་ཁོག་ཆེ་རོགས་མ་གཏོགས་བྱབ་གང་ཡང་མི་འདུག ནོར་ངོ་མ་དེ་ཐོས་པ་དང་རྟོགས་པ། དད་པའི་སོགས་གང་ལྟར་འཕགས་པའི་ནོར་བདུན་པ་དེ་དག་གིས་ཚེ་འདི་ཕྱི་གཉིས་ཀར་ཕན་གྱི་རེད། ཕྱིའི་རྒྱན་ཆ་དེ་དག་རང་ཉིད་གུད་པ་དང་ན་བའི་སྐབས་སུ་ཕན་ཐོགས་ཀྱི་མེད། ནང་གི་འཕགས་ནོར་དེ་དག་གིས་དུས་རྟག་ཏུ་ཕན་གྱི་རེད། ལྷག་པར་ཐོས་པའི་ནོར་དེ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་བཀའ་སློབ་ཕེབས་ཏེ་སྔགས་དང་བྱང་སེམས་ཀྱི་སྡོམ་པ་འབོགས་ཆོག་སྩལ་ཡོད། དེ་ནས་མངའ་སྡེའི་བློན་ཆེན་མཆོག་གིས་ཆེད་བཅར་ཞུས་ཡོད་པར་བརྟེན་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། བི་ཧར་མངའ་སྡེའི་བློན་ཆེན་དང་ངོས་རང་ནང་ཚགས་ཡིན་པ་མ་ཟད། ཁོང་མི་ཧ་ཅང་ཡག་པོ་འདུག དེར་བརྟེན་སྔོན་མ་བི་ཧར་གྱི་རྒྱལ་ས་པཊ་ཎར་ཁོང་གིས་ནང་པའི་དགོན་ཆེན་ཞིག་གསར་རྒྱག་བྱས་པ་དེ་ངོས་རང་འགོ་འབྱེད་དུ་ཡོང་རོགས་ཞེས་བརྗོད་བྱུང༌། དེ་དུས་ཁོང་གིས་གསུང་བཤད་གནང་བའི་ནང་སྟོན་པ་ཐུགས་རྗེ་ཅན་གྱི་ཐུགས་རྗེའི་བྱིན་རླབས་ལ་རྟེན་ནས་བི་ཧར་མངའ་སྡེ་ཡར་རྒྱས་མྱུར་པོ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང༌། དེ་ནས་ངོས་ཀྱིས་གཏམ་བཤད་བྱེད་སྐབས་ཁོང་ལ་རྩེད་མོ་དང་སྦྲགས་སྟོན་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི་བི་ཧར་ཡར་རྒྱས་འགྲོ་ཡོད་ན། སྟོན་པ་བྱོན་ནས་ལོ་ཉིས་སྟོང་ལྔ་བརྒྱ་ཕྱིན་པ་རེད། དེར་བརྟེན་བི་ཧར་སྔ་མོ་ནས་ཡར་རྒྱས་འགྲོ་དགོས་པ་རེད། སྟོན་པའི་བྱིན་རླབས་ཡོད་ཀྱང་མི་ལས་ཀ་བྱེད་མཁན་ཚགས་ཚུད་པོ་མེད་སྟབས། བྱིན་རླབས་མངོན་ཐུབ་ཀྱི་མེད། མངའ་སྡེ་འདིར་བློན་ཆེན་ལྷག་བསམ་དང་འཇོན་ཐང་ཡོད་པ་ཞིག་སླེབས་སྐབས། སྟོན་པའི་བྱིན་རླབས་དེ་མངའ་སྡེའི་བློན་ཆེན་མཆོག་གི་ལག་པར་རག་ལུས་ཡོད་ཅེས་བརྗོད་པ་ཡིན། ཞེས་བཀའ་སློབ་སྩལ་ཡོད། བདེ་དག་གྲུབ་མཚམས་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དད་ལྡན་ཞུ་བ་སོགས་ལ་རིམ་བཞིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དཀྱིལ་འཁོར་མཇལ་ཞུར་བཏང་ཡོད། དེ་བཞིན་ད་ཐེངས་དུས་དབང་སྐབས་སུ་ཕྱི་ནང་གི་གསར་འགོད་པ་ཁྱོན་མི་གྲངས་ ༣༧༡ ཙམ་སླེབས་ཡོད་པ་བཅས། །
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་དངོས་གཞི་དབུ་འཛུགས་བསྐྱངས་པ།
གསར་གནས།
འབྲེལ་གནས།