༢༠༡༢ ཟླ་ ༡ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༠ སྔོ་དྲོ་ཆུ་ཚོད་ ༡༡ པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཆོས་ལུགས་ཀྱི་ས་མཚམས་ལས་འདས་པའི་འཛམ་གླིང་སྤྱི་ལ་སྨན་པའི་བཟང་སྤྱོད་ཅེས་པ་དེ་དབུ་འབྱེད་བསྐྱངས་ཡོད།
དེ་ཡང་ཐོག་མར་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆི་ཌེ་གྷལ་ལགས་ཀྱིས་ྋགོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་དེ་བཞིན་ངོ་སྤྲོད་ཀྱི་གསུང་བཤད་གནང་དོན། ངའི་མིངལ་རི་ཆི་ཌེ་གྷལ་ཟེར་གྱི་ཡོད། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་ཕྱག་དེབ་འདིའི་མིང་ལ་ཆོས་ལུགས་ཀྱི་ས་མཚམས་ལས་འདས་པའི་འཛམ་གླིང་སྤྱི་ལ་སྨན་པའི་བཟང་སྤྱོད་ཅེས་བརྗོད་ཀྱི་ཡོད། ལོ་བཅུ་ཙམ་གྱི་སྔོན་ལ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱག་དེབ་ཅིག་ལྗགས་རྩོམ་མཛད་ཡོད། དེའི་མིང་ལ་དུས་རབས་སྟོང་ཕྲག་གསར་པའི་ཆེད་དུ་དམིགས་པའི་བཟང་སྤྱོད་བརྗོད་ཀྱི་ཡོད། དེ་འཛམ་གླིང་ནང་ཕལ་ཆེར་མང་ཚོགས་ཀྱི་ཀློག་རྒྱུ་ཤུགས་ཆེ་ཤོས་ཆགས་ཡོད་པར་བརྟེན་མི་མང་པོར་ཕན་ཐོགས་རླབས་ཆེན་བྱུང་ཡོད། ཕྱག་དེབ་འདི་དེ་སྔའི་ཕྱག་དེབ་རྒྱ་སྐྱེད་མཛད་ནས་གསར་དུ་བརྩམས་པ་ཞིག་རེད། ངས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆོས་ལུགས་ཀྱི་ས་མཚམས་ལ་འདས་པའི་འཛམ་གླིང་ལ་སྨན་པའི་ཕྱག་དེབ་འདི་དབུ་འབྱེད་མཛད་རོགས་ཞེས་སྐྱབས་འཇུག་ཞུ་རྒྱུ་ཡིན། ཞེས་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་ནས་མགོན་པོ་གང་ཉིད་མཆོག་གིས་ཕྱག་དེབ་དབུ་འབྱེད་མཛད་ནས་ཕྱག་དེབ་སྐོར་ངོ་སྤྲོད་བཀའ་སློབ་སྩལ་དོན། དེབ་འདིའི་བརྗོད་བྱ་དམིགས་བསལ་ཆོས་དང་མ་འདྲེས་པའི་ཐོག་ནས་མི་ལ་ལྷན་སྐྱེས་ཆུང་བྱིས་པའི་སྐབས་ནས་བཟུང་མདོར་ན༌། བྱིས་པ་མངལ་ནས་བཙས་མ་ཐག་ཏུ་མའི་བྱམས་བརྩེས་བསྐྱངས་པ་རེད། སོ་སོ་སྐྱེས་མ་ཐག་ནས་མས་བྱམས་བརྩེ་བྱས་པའི་ཚོར་བ་དེ་ཧ་ཅང་ཤུགས་ཆེན་པོ་ཡོད། དཔེར་ན། བྱིས་པ་སྐྱེས་མ་ཐག་ནུ་མ་འཇིབ་མཁན་དེས་མའི་ཐ་སྙད་ཤེས་ཀྱི་མེད། འོན་ཀྱང་རང་བཞིན་ལྷན་སྐྱེས་ཀྱི་གཟུགས་པོའི་གྲུབ་ཆ་ནས་འོ་མ་སྦྱིན་མཁན་དེར་བློ་ཡོངས་རྫོགས་ལྟ་གི་ཡོད། འོ་མ་སྦྱིན་མཁན་དཻས་པང་ཁར་ཉར་སྐབས་ཕྲུ་གུ་དེའི་སེམས་ནང་མགོན་སྐྱབས་ཡིན་བསམས་པ་ལྟ་བུ་ཞིག་ཡོང་གི་ཡོད། མས་བཟུང་བ་དེ་ནས་ཁ་འཕྲལ་ན་ཕྲུ་གུས་ལམ་སེང་ངུ་ནས་མགོན་སྐྱབས་མེད་པའི་ཚོར་བ་སླེབ་ཀྱི་ཡོད། ཁྱི་དང་ཞི་མིར་ཡང་དེ་ལྟར་འདུག གང་ལྟར་མ་ལས་སྐྱེས་པའི་སྲོག་ཆགས་རིགས་རེ་ཟུང་མ་གཏོགས་མའི་བརྩེ་བའི་འོག་ནས་འཚར་ལོངས་བྱུང་རྒྱུ་དེ་ཆོས་ཀྱི་སྐད་ཆ་གང་ཡང་མིན། མིར་རང་བཞིན་ལྷན་སྐྱེས་སུ་ཡོད། གང་ལྟར་མི་འཚོ་རྒྱུ་ཆ་རྐྱེན་གཙོ་བོ་རེད་འདུག མིས་མཚོན་པའི་སྲོག་ཆགས་ཀུན་ལ་མའི་བརྩེ་བ་ཆུང་དུས་ནས་ཡོད་སྟབས། བྱིས་པའི་སྐབས་ཐོག་མར་ནས་མའི་བརྩེ་བས་ཤུགས་ཆེན་པོ་ཟིན་ཡོད་པ་ཞིག་ཡིན་ན། མི་དེའི་མི་ཚེའི་ནང་སེམས་གཏིང་ལ་ཕྲན་བུ་ལྷོད་ཤིག་ཤིག་དང་འཇིགས་སྣང་ཉུང་བ་ལྟ་བུ་ཡོད། ཆུང་བྱིས་པའི་སྐབས་ནས་མ་དང་བྲལ་བའི་ཉམས་མྱོང་བྱུང་ན། རིམ་བཞིན་གྱིས་མི་འདིའི་མི་ཚེའི་ནང་སེམས་གཏིང་ནས་སུ་གཅིག་ལ་ཡིད་ཆེས་མེད་པ་དང་རང་ཉིད་ཀྱི་སེམས་ནང་དངངས་སྐྲག་དང་འཇིགས་སྣང་ཡོང་གི་ཡོད། མིའི་དེའི་མི་ཚེའི་ནང་སེམས་སྐྱིད་པོ་ཡོད་ན་ལུས་བདེ་བ། ཁྱིམ་ཚང་དང་སྤྱི་ཚོགས་སྐྱིད་པ། ཞིབ་འཇུག་བྱོས་དང་འཛམ་གླིང་འདིའི་ཐོག་རྙོག་གྲ་བཟོ་མཁན་མི་མང་ཆེ་བ་དེ་དག་ཆུང་ཆུང་སྐབས་ནས་བརྩེ་བའི་ཚོར་བ་མ་འདང་པར་བྱས་ཏེ་མི་ཚེ་གང་པོ་གཞན་ལ་བློས་མི་འཁེལ་བ་དེ་འདྲ་ཆགས་ཡོང་གི་ཡོད། བརྩེ་བ་ཞེས་པ་དེ་མ་ལས་བཙས་པའི་མི་དང་མདོར་ན་དུད་འགྲོ་ཚུན་ཆད་ལ་བརྩེ་བ་དེ་རང་བཞིན་ཡོད་པ་ཞིག་རེད། སྤྱིར་བཏང་འཛམ་གླིང་འདིའི་ཐོག་ལུས་ཅན་མཐའ་དག་དང་དེའི་ནང་ཚན་ནས་ང་ཚོ་མིར་ཆ་བཞག་ན། བརྩེ་བ་ཡོད་ན་མིའི་སྤྱི་ཚོགས་བདེ་སྐྱིད་ཡོང་རྒྱུ་དང༌། བརྩེ་བ་མེད་ན་ཤེས་ཡོན་དང་སྟོབས་དང་ནུས་པ་ག་ཚོད་ཡོད་ཀྱང་དེས་བདེ་སྐྱིད་ཡོང་བའི་ངེས་པ་མི་འདུག དེར་བརྟེན་འཛམ་གླིང་ས་ཕྱོགས་གང་སར་ཆོས་ཡོད་རུང་མེད་རུང་ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ནའང༌། བརྩེ་བ་དོར་རྒྱུ་མེད། མང་པོ་ཞིག་གིས་བྱམས་སྙིང་བརྗོད་ན་ཆོས་ཀྱི་སྐད་ཆ་རེད། མི་ཚེའི་བསྐྱལ་རྒྱུ་ཞེ་སྡང་དང་འགྲན་སེམས་དགོས་པ་ཞིག་མཐོང་གི་འདུག་པས་ནོར་འཁྲུལ་རེད། ང་ཚོའི་སྤྱི་ཚོགས་ནང་བྱམས་སྙིང་རྗེའི་སྐོར་བཤད་ན། ཆོས་ཕྱོགས་ལྟ་བུར་མཐོང་གི་འདུག དེར་བརྟེན་ངོས་ཀྱིས་བརྩེ་བ་ཞེས་པ་དེ་ཆོས་དང་མ་འདྲེས་པ་རེད། གཞི་རྐང་ཆོས་ལུགས་གཙོ་ཆེ་བ་ཚང་མས་བརྩེ་བ་ཉམས་ལེན་བྱེད་དགོས་པ་ཤོད་ཀྱི་ཡོད། འོན་ཀྱང་བརྩེ་བ་ཞེས་པ་དེ་མཐའ་གཅིག་ཏུ་ཆོས་དང་འདྲེས་པ་མིན། ཆོས་མེད་ནའང་བརྩེ་བ་རང་བཞིན་གྱིས་ཡོང་གི་ཡོད། ང་ཚོས་བརྩེ་བ་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་དང་དོ་སྣང་མ་བྱུང་བར་འཐུས་ཤོར་འགྲོ་གི་འདུག དེ་རིང་ཁ་སང་ཚན་རིག་གི་ནང་ནས་ཇི་ཙམ་གྱིས་བརྩེ་སེམས་ཡོད་མཁན་གྱིས་མི་དེའི་ཀླད་པ་ལྷིང་བ་ཡོད་པ་ལྟ་བུ་དང༌། ང་རྒྱལ་ཁོང་ཁྲོ་ཡོད་པའི་སྐབས་འདིར་ཀླད་པའི་འགྱུར་བ་དེ་ངན་ཕྱོགས་དང་མ་སྐྱིད་པའི་ཕྱོགས་ལ་ཡོང་གི་ཡོད་པ་ཤོད་ཀྱི་འདུག དེར་བརྟེན་ངོས་ཀྱི་དེབ་འདིས་དམིགས་བསལ་ཆོས་དང་མ་འདྲེས་པའི་ཡ་རབས་སེམས་བཟང་བྱ་རྒྱུ་དེ་བདེ་སྐྱིད་རྩ་བ་རེད་ཅེས་ཤོད་ཀྱི་ཡོད། སྤྱིར་བཏང་འཛམ་གླིང་འདིའི་ཐོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོས་བྱམས་བརྩེ་ཐོག་ནན་པོ་གསུང་གི་ཡོད། འོན་ཀྱང་སོ་སོའི་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་བཀའ་གནང་གི་འདུག དཔེར་ན། ང་ཚོ་བོད་པའི་ནང་ཆ་བཞག་ན། བྱམས་བརྩེ་ཞེས་སྐབས་ལུང་ལ་རྟེན་ནས་ཆོས་ལུགས་དང་འབྲེལ་ཏེ་བཀའ་གནང་གི་ཡོད། དེར་བརྟེན་བྱམས་བརྩེ་དེ་ཁྱབ་ཆུང་ཆུང་ཆགས་ཀྱི་འདུག ཆོས་ལུགས་དང་མ་འབྲེལ་ན་བྱམས་བརྩེ་དགོས་མ་རེད་ཅེས་པའི་མཐོང་ཚུལ་ཞིག་སླཻབས་ཀྱི་འདུག་པས་ནོར་འཁྲུལ་རེད། འཛམ་གླིང་འདིའི་ཐོག་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད། དེ་དག་ཡོངས་རྫོགས་ཆོས་པ་ཆགས་ཐབས་མེད། ཆོས་པ་ཆགས་པར་བྱས་ན། ཆོས་ག་རེ་བྱེད་དགོས་པ་རེད་དམ། ཧ་ཅང་རྙོག་གྲ་རེད། གང་ལྟར་ཆོས་དང་མ་འདྲེས་པའི་ཐོག་ནས་ཡ་རབས་ཀྱི་སྤྱོད་པ་སློབ་སྟོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ངོས་རང་ནང་པ་ཡིན། སངས་རྒྱས་པའི་ཆོས་ཀྱི་ནང་ནས་བྱམས་བརྩེ་ཞེས་པ་དེ་ཐབས་ཤེས་ཟུང་འབྲེལ་ཐོག་ནས་ཉམས་ལེན་བྱེད་ཀྱི་ཡོད། འོན་ཀྱང་མི་གཞན་དག་ཚོ་ཡང་ངོས་ཀྱིས་ཉམས་ལེན་བྱས་པ་ལྟར་བྱེད་དགོས་ཞེས་བརྗོད་ཤེས་ཐབས་མེད། དེར་བརྟེན་ཆོས་ཕྱོགས་ཐོག་ཕྱིན་ན། དུང་ཕྱུར་བདུན་ཅུ་ཀུན་ལ་ཁྱབ་པ་ཞིག་ཡོང་གི་མེད། ཆོས་དང་མ་འདྲེས་པའི་ཐོག་ནས་བརྩེ་བ་ཞེས་པ་དེ་གལ་ཆེན་པོ་ཡིན་པ་ངོ་སྤྲོད་བྱུང་ན། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུར་ཁྱབ་ཀྱི་ཡོད། ཆོས་ཀྱི་ར་བ་ལས་འདས་པ་ཞིག་བྱས་ན། ཀུན་ལ་ཁྱབ་ཐུབ་ཀྱྀ་འདུག་ལ་ཆོས་ཀྱི་འགལ་འདུ་ཡང་མ་རེད། ཆོས་ཀྱི་ཞབས་འདེགས་སྒྲུབ་ཀྱི་ཡོད། དེར་བརྟེན་ངོས་ཀྱི་དེབ་འདི་དེ་འདྲ་ཞིག་རེད། དེ་བཞིན་འཛམ་གླིང་གི་མི་སུ་དང་ཐུག་ཀྱང་ངོས་ཀྱིས་ཆོས་དང་མ་འདྲེས་པའི་ཐོག་ལ་ཤོད་ཀྱི་ཡོད། ཅེས་བཀའ་སློབ་སྩལ་ཏེ་མངའ་སྡེའི་བློན་ཆེན་སོགས་ལ་ཕྱག་དེབ་གསོལ་རས་སྩལ་ཡོད་པ་བཅས། །
ྋགོང་ས་མཆོག་ནས་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་དབུ་འབྱེད་བསྐྱངས་པ།
གསར་གནས།
འབྲེལ་གནས།