༢༠༡༢ ཟླ་ ༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༠ ཉིན་སྔོ་དྲོ་ཆུ་ཚོད་ ༩ པའི་ཐོག་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་མི་མང་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་གྲུབ་མཚམས་བཀའ་སློབ་ཕེབས་དོན། འདི་གར་གཙོ་བོ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་གཞུང་མ་རྩར་བཞག་པའི་ཐོག་དེའི་ཁ་སྐོང་དུ་བློ་སྦྱོང་ཚིགས་བརྒྱད་མ་དང་ལག་ལེན་སོ་བདུན། དེ་དག་འཆད་ཁྲིད་བྱས་པ་རེད། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་འཆད་རྒྱུ་བྱུང་མ་སོང་བའི་ཁྱད་པར་གང་ཡང་མེད། གལ་ཆེ་ཤོས་བར་དུ་དགེ་བའི་དངོས་གཞི་བཅོམ་ལྡན་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ཕུལ་ཏེ་ཆ་ཚང་ཚར་ནས་ཧ་ཅང་ཡག་པོ་བྱུང་སོང༌། དེ་ནས་མཇུག་ཏུ་དགེ་བ་དེ་རིང་སྒྲོལ་དཀར་ལྷ་མོ་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་རྗེས་གནང་གི་ཆོ་ག་ཕུལ་བ་རེད། དེར་བརྟེན་ཐོག་མཐའ་བར་གསུམ་དུ་དགེ་བ་ཧ་ཅང་ཡག་པོ་བྱུང་བ་རེད། ད་ཐེངས་གནས་མཆོག་རྡོ་རྗེ་གདན་དུ་མི་ཚོགས་ཧ་ཅང་ཆེན་པོ་སླེབས་ཡོད་ཀྱང་ཕྱོགས་གཅིག་ནས་ཚང་མས་བཀའ་ཆོས་འཇམ་ཐིང་ངེར་ཉན་ཏེ་ཧ་ཅང་ཡག་པོ་བྱུང་སོང༌། མི་ཚོགས་ཆེན་པོ་དེ་ལྟར་འདུས་ཡོད་ཀྱང་འཁྲུག་པ་ཆེན་པོ་བརྒྱབ་པ་དེ་འདྲ་གང་ཡང་བྱུང་མི་འདུག ཁ་རྩོད་ལྟ་བུ་ཕྲན་བུ་ཤོར་བ་ཡོད་སྲིད། དེ་བཞིན་ནད་པ་སྡུག་ཆགས་དེ་འདྲ་ཞེ་དྲག་བྱུང་མེད་པ་ལྟ་བུ་འདུག ནད་པ་ཁ་ཤས་སྨན་ཁང་དུ་འགྲོ་དགོས་པ་དང་འདས་གྲོངས་སུ་གྱུར་བ་བྱུང་འདུག་མ་གཏོགས་སྤྱི་ཡོངས་ནས་ཧ་ཅང་ཡག་པོ་བྱུང་འདུག གལ་ཆེ་ཤོས་ཁ་སྔོན་བརྗོད་པ་ལྟར། དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རེད། ད་རེས་རྡོ་རྗེ་གདན་དུ་དུས་དབང་ཞུས་བར་བསླེབས་ཏེ་ཁས་ལེན་དམ་བཅའ་འདོན་པ་འདོན་རྒྱུ་དེ་རེད་ཀྱང་གཙོ་བོ་སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་ཡིན། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཀྱི་མྱོང་བ་ཆེ་རུ་ཕྱིན་པ་དེའི་ཚོད་ཀྱིས་སོ་སོའི་ཁ་འདོན་དགེ་སྦྱོར་བྱ་རྒྱུ་དེ་དག་ནུས་པ་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། ཚང་མས་ཉི་མ་སྦྲེལ་ནས་བཀའ་ཆོས་ཞུས་པ་དེ་དག་མ་བརྗེད་པའི་ཐོག་ཧུར་ཐག་འབད་ཐག་བྱོས། ངོས་རང་ལ་ཡང་སྐལ་པོ་བཟང་པོ་བྱུང༌། གང་ལྟར་ང་ཚོ་དུས་གཅིག་ཏུ་གནས་ཁྱད་པར་ཅན་འདིར་འཛོམས་ཏེ་དུས་གཅིག་ལ་བྱང་ཆུབ་སེམས་དང་སྟོང་ཉིད་ལྟ་བ་སྒོམ་རྒྱུ་བྱས་ཡོང་སྐབས། ནུས་པ་ཞིག་ཏན་ཏན་ཡོང་གི་རེད། ལྷ་མི་ཀུན་སྤྱོད་གཅིག་པ་ཡིན་པར་བརྟེན། བོད་མི་མང་དག་ཅིག་བོད་ནས་ཚུར་ཡོང་སྐབས། བོད་ཀྱི་བསྟན་མ་བཅུ་གཉིས་ལ་སོགས་པ་དེ་དག་ཏན་ཏན་ཕེབས་ཀྱི་རེད་བསམ་བཞིན་ཡོད། དེར་བརྟེན་ང་ཚོ་ཚང་མས་དེ་རིང་འདིར་དགེ་བ་ཆེན་པོ་ཞིག་བསྒྲུབ་རྒྱུ་གོ་སྐབས་བྱུང་བ་རེད། ཚང་མས་ཧུར་ཐག་བྱོས། ཤེས་སོང་ངམ། མི་ལ་ཧུར་ཐག་བྱེད་བརྗོད་པ་ལྟར་ངོས་རང་གི་ངོས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན་བསམ་པའི་འདུ་ཤེས་དེ་རྨི་ལམ་ཚུན་ཆད་ལ་ཡང་དྲན་ནས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐུན་པའི་ཉམས་ལེན་གང་ཙམ་བྱེད་ཀྱི་ཡོད། ཁྱེད་རང་ཚོས་ཀྱང་དེ་དེ་བཞིན་བྱས་ནས་ཧུར་ཐག་བྱོས། དེ་ལྟར་བྱས་ན་ཡག་པོ་ཡོང་གི་རེད། ཐུགས་རྗེ་ཆེ་ཞེས་བཀའ་སློབ་ཕེབས་ཡོད།
དེ་བཞིན་ཆུ་ཚོད་ ༡༠ པའི་ཐོག་མགོན་པོ་གང་ཉིད་མཆོག་ཁམས་གསུམ་སྐྱེ་འགྲོ་སྤྱི་དང་ཁྱད་པར་གངས་ལྗོངས་བསྟན་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་འགྲུབ་དང་བདག་ཅག་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་གོང་མཐོར་འཕེལ་སླད་བཅས་ལེགས་ཚོགས་སྒོ་བརྒྱ་དུ་མར་དམིགས་ཏེ་དུས་དབང་གོ་སྒྲིག་ཚོགས་ཆུང་སོགས་ཀྱིས་ཚེ་དཔག་མེད་འཆི་མེད་ལྷའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དངོས་རྣམས་འདེགས་འབུལ་ཞུ་སྐབས་དགའ་ལྡན་ཁྲི་ཆེན་པོ་མཆོག་གིས་མཎྜལ་ལྗགས་བཤད་ཞུས་ཡོད། དེ་ནས་གནས་ཆུང་དང་དགའ་གདོང་ཚེ་རིང་མཆེད་སྔ་བཅས་གྱི་སྐུ་རྟེན་ཡང་ཕེབས་ཡོད། དེ་བཞིན་ཆོས་བརྒྱུད་ཁག་གི་མཁན་བླ་སྤྲུལ་ཁག་ཕེབས་ཡོད་པ་མ་ཟད། མངའ་སྡེའི་བློན་ཆེན་སོགས་རྒྱ་གར་གྱི་གནད་ཡོད་མི་སྣ་ཡང་ཕེབས་འདུག་པ་བཅས། །
ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ་གྲུབ་བསྟུན་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།
གསར་གནས།
འབྲེལ་གནས།