༢༠༡༢ ཟླ་ ༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༦ ཉིན་མགོ་ལོག་པདྨ་རྫོང་དབང་རུས་ཡུལ་ཚོ་ནས་ས་གནས་བོད་མིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཡོད་ལ། སྐབས་དེར་ཁོང་ཚོས་དབང་རུས་ཡུལ་ཚོའི་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་མེར་སྲེག་བཏང་བ་དང་། དེའི་ཤུལ་དུ་ནང་པའི་ཆོས་དར་དང་༸གོང་ས་མཆོག་གི་སྐུ་པར་ཞིག་ཡར་ཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་འདུག གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན་སྐབས་དེར་རྫོང་ཉེན་རྟོགས་པ་དང་དམག་མི་རླངས་འཁོར་ཆེ་ཆུང་ ༡༦ འབྱོར་ནས་བོད་མི་ཞི་རྒོལ་བ་འཛིན་བཟུང་དང་གཅར་རྡུང་ཚབས་ཆེན་བྱས་ཡོད་ཀྱང་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་མི་འདུག
དེ་བཞིན་དུ་ཕྱི་ཚེས་ ༢༤ ཉིན་དབང་རུས་ཡུལ་ཚོའི་མི་སྐྱ་དྲུག་གིས་པདྨ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱས་ཏེ་འཛིན་བཟུང་བྱས་ཡོད་པའི་ནང་ནས་གཅིག་གི་མིང་ལ་ཚེ་བརྟན་དང་། གཅིག་གི་མིང་ལ་དམ་ཆོས་རྡོ་རྗེ་ཟེར་ཞིང་། གཞན་གོང་འཁོད་ཚེ་བརྟན་གྱི་ཕ་དང་སྤུན་མཆེད་གཉིས་ཀྱང་ཡོད་འདུག གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན། ཁོང་ཚོར་མནར་གཅོད་ཚད་ལས་བརྒལ་བ་བཏང་ནས་ད་སྐབས་སྲོག་ཉེན་ལ་ཐུག་ཡོད་པ་དང་། ལྷག་པར་དུ་ཚེ་བརྟན་ད་སྐབས་ཁ་གྲགས་མི་ཐུབ་པའི་ཚད་ལ་ལྷུང་ཡོད།
ཡང་ཕྱི་ཚེས་ ༢༦ ཉིན་པདྨ་རྫོང་སྡེ་ནང་ཡུལ་ཚོའི་དགེ་འདུན་པ་ཞིག་གིས་རང་ལུས་ལ་རྡོ་སྣུམ་བླུགས་ནས་རྫོང་གི་སྲང་དཀྱིལ་དུ་སོང་ནས་རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས་ཉེན་རྟོགས་པ་དང་དམག་མིས་ཤེས་རྟོགས་བྱུང་ནས་འཕྲལ་དུ་འཛིན་བཟུང་བྱས་འདུག
མགོ་ལོག་པདྨ་རྫོང་དུ་༸གོང་ས་མཆོག་གི་སྐུ་པར་འཕྱར་ཏེ་ཞི་རྒོལ་བྱས་པ།
གསར་གནས།

འབྲེལ་གནས།
