༢༠༡༢ ཟླ་ ༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཧ་རི་ཡཱ་ན་མངའ་སྡེའི་སོ་ནི་པཏ་(Sonipat)རྫོང་ཁོངས་སུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལས་དོན་གྱི་ཤེས་ཡོན་སློབ་གྲྭར་ (Jindal School of International Affairs) གསུང་བཤད་གནང་ཡོད།
དེ་ཡང་ཉིན་དེར་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་དང་སྐུ་མགྲོན་བཅས་ཚང་འཛོམས་ཐོག་མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ། (Democracy in Exile: The Case of Tibet) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། གལ་ཏེ་རྒྱ་ནག་གཞུང་གིས་བོད་མི་ཚོར་ཆོས་དད་དང་རིག་གཞུང། དེ་བཞིན་མང་གཙོའི་ལམ་ལུགས་ཐོག་ནས་འཛིན་སྐྱོང་བྱ་རྒྱུའི་ཐོབ་ཐང་སྤྲོད་ཚེ་བོད་ཀྱི་གནད་དོན་དེ་ངེས་པར་དུ་སེལ་ཐུབ་རྒྱུ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་མང་གཙོའི་ལམ་བཟང་དེའི་འོག་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་གོ་སྐབས་བཟང་ཤོས་དེ་ཆགས་ཡོད་ཅེས་གསུངས། གཞན་ཡང་བཀའ་ཁྲི་མཆོག་གིས་རྒྱ་གར་ནང་རང་དབང་དང་དྲང་བདེན་གྱི་ལམ་ནས་འོས་བསྡུ་བྱ་རྒྱུ་དང། ཕྱི་གསལ་ནང་གསལ་གྱི་གསར་འགྱུར་བརྒྱུད་ལམ། དེ་བཞིན་སྤྱི་ཚོགས་ཀྱི་དཀའ་རྙོག་རྣམས་གྲོས་མོལ་དང་འཆམ་མཐུན་གྱི་ལམ་ནས་སེལ་ཐུབ་པའི་ཁྱད་ཆོས་དེ་དག་ནི་རྒྱ་གར་གྱི་མང་གཙོའི་ཁྱད་ཆོས་ཉག་གཅིག་ཆགས་ཡོད་པར་བརྟེན། ཁྱད་ཆོས་དེ་དག་ནས་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱིས་བློ་སྐྱེས་བླངས་ཏེ་བཙན་བྱོལ་ནང་ལག་བསྟར་བྱེད་མུས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།
བཀའ་ཁྲི་མཆོག་གིས་ཇིན་ཌལ་རྒྱལ་སྤྱིའི་ལས་དོན་གྱི་ཤེས་ཡོན་སློབ་གྲྭར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།