༢༠༡༢ ཟླ་ ༡ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐང་ཆེན་དུ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བརྒྱད་སྟོང་བརྒལ་བ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་དོན། དེ་རིང་གནས་ཁྱད་པར་ཅན་རྡོ་རྗེ་གདན་ལ་དུས་འཁོར་དབང་ཆེན་བྱེད་རྒྱུ་འདིར་བོད་ནས་ཆེད་མངགས་དུས་འཁོར་དབང་ཆེན་ཞུ་རྒྱུ་དང་གནས་སྐོར་ཆེད་དེ་རིང་འདིར་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་འདིར་ཡོང་བ་རེད། དཀའ་ངལ་ནང་ལ་ཉེན་ཁ་ཡང་ཡོད་པ་ཆགས་བསྡད་ཀྱི་ཡོད། འདིར་ཚུར་གོ་ཐོས་ལ་མང་པོ་གཅིག་ཚུར་ཡོང་འདོད་ཡོད་ཀྱང་ལག་འཁྱེར་མ་ཐོབ་པ་བྱས་ཏེ།
བོད་རིགས་གཅིག་པུ་མ་རེད་རྒྱ་རིགས་དེ་འདྲ་ལ་ཡང་ས་གནས་སོ་སོའི་ཕྱི་རྒྱལ་རྒྱ་གར་ལ་འགྲོ་རྒྱུའི་ཆོག་ཆན་སྤྲོད་མཁན་གྱིས་ཆོག་ཆན་མ་སྤྲད་པར་བཀག་འགོག་བྱེད་པའི་གནས་ཚུལ་འདུག ཁྱེད་རང་ཚོ་ཉེན་ཁ་ཡོད་པ་ཞིག་རེད། འོན་ཀྱང་དེ་དག་ཚང་མ་ཁྱད་དུ་བསད་དེ་འདིར་ཚུར་ཡོང་བ་རེད། ཁྱེད་རང་ཚོ་ཚང་མར་དམིགས་བསལ་གྱི་འཚམས་འདྲི་ཡོད། ཁྱེད་རང་ཚོ་ཚང་མས་དཀའ་ལས་བརྒྱབ་སྟེ་འདིར་ཡོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ནམ་རྒྱུན་བོད་ནས་ཚུར་གཉེན་འཕྲད་དང་གནས་སྐོར་ཡོང་མཁན་ཐུག་པའི་སྐབས་འཆར་ཅན་ཞུས་ཀྱི་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་ཆགས་ཀྱི་ཡོད། རྒྱུ་མཚན་གཅིག་ནས་གྲངས་ཀ་མང་ཉུང་གི་ཆ་ནས་རྩིས་ན་ཡང་ང་ཚོ་འདིར་བཙན་བྱོལ་ལ་ཡོད་མཁན་དེ་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད། བོད་མི་ས་ཡ་དྲུག་ཙམ་ཡོད་པ་དེ་དག་ང་ཚོ་གཞིས་ལ་ཡོད། དེའི་ཆ་ནས་ཁྱེད་རང་ཚོ་དོན་གྱི་བདག་པོ་ཆགས་ཡོད། གཉིས་ནས། ཁྱེད་རང་ཚོ་བོད་ནང་ཡོད་པ་དེ་དག་རང་དབང་དང་བྲལ་ཡོད། དཔེར་ན་གནས་ཚུལ་གསལ་ཤོས་ཅིག་ང་ཚོ་བོད་མི་ཞིག་ཡིན་ཕྱིན་ཆད་ལ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་དགའ་ཞེན་ཡོང་གི་ཡོད། དཔེར་ན། རྒྱ་རིགས་གྲོགས་པོ་ཚོས་སོ་སོའི་སྐད་དང་། ཡི་གེ རིག་གཞུང་ལ་དགའ་ཞེན་ཡོང་གི་འདུག གཅིག་པ་རེད། རྒྱ་གར་ལ་ཆ་བཞག་ནའང། སོ་སོའི་སྐད་དང་། ཡི་གེ རིག་གཞུང་ལ་དགའ་ཞེན་བྱས་ཏེ་བདག་གཅེས་བྱེད་ཀྱི་འདུག ང་ཚོ་བོད་པར་ཡིན་ན་ཡང་དེ་ཐོབ་ཐང་ཡོང་གི་རེད། འོན་ཀྱང་དམ་བསྒྲགས་ཧ་ཅང་བྱས་ཏེ་དེ་ལྟ་བུའི་དཀའ་ངལ་ཡོད་ཀྱང་ཁྱེད་རང་ཚོས་ཕྱི་ལོ་ ༡༩༥༩ ནས་རྩིས་ན་ལོ་ ༥༢ ཙམ་ཕྱིན་པ་རེད། མདོ་སྟོད་སྨད་ཀྱི་ས་ཁུལ་ལ་དཀའ་ངལ་འཕྲད་ནས་ཧ་ལམ་ལོ་ ༦༠ བཤད་ཆོག་གི་རེད། གང་ལྟར་ཁྱེད་རང་ཚོ་དེ་དག་གིས་སོ་སོའི་མི་རིགས། རིག་གཞུང་བཅས་པའི་དོན་དུ་དཀའ་ངལ་ཁྱད་དུ་བསད་ནས་དངོས་གནས་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་སོ་སོས་རང་ཚུགས་ཟིན་བྱས་བསྡད་པ་ཡིན་དུས། རྒྱུ་མཚན་འདིའི་ཆ་ནས་ལྷག་པར་ཁྱེད་རང་ཚོ་རྣམས་དོན་གྱི་བདག་པོ་ཆགས་ཀྱི་ཡོད། དེ་སྔ་ཕན་ཆེད་ཡིན་ནའང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་ཀྱང་བོད་མི་རིགས་རིག་གཞུང་དང་བཅས་པ་ད་ལྟ་ཡིན་ནའང་འཛམ་བུའི་གླིང་འདིའི་སྟེང་ལྟ་རྒྱུ་དང་དོ་སྣང་ཡོང་དགོས་རྒྱུ་གཅིག རྒྱ་ནག་གཞུང་གི་ཐོག་ནས་ཡིན་ནའང་དོ་སྣང་མ་བྱེད་ཐབས་མེད་ཀྱི་གནས་ཚུལ་ཞིག་ཆགས་དགོས་རྒྱུ་འདི་གཙོ་བོ་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཞིག་རེད། འབྱུང་འགྱུར་མ་འོངས་པ་ཡིན་ན་ཡང་ང་ཚོ་བོད་གངས་ཅན་པ་མི་རིགས་རིག་གཞུང་དང་བཅས་པ་མུ་མཐུད་གནས་དང་མ་གནས་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་། སྙིང་སྟོབས། ཐབས་ཤེས་དེ་དག་ལ་ཐུག་བསྡད་ཡོད།
གཉིས་ནས་ང་ཚོ་མང་གཙོའི་ལམ་ལ་འགྲོ་གི་ཡོད། ཁ་བཤད་ངོ་ལྐོག་མེད་པའི་ཐོག་ནས་མང་གཙོའི་སྒང་ལ་འགྲོ་གི་ཡོད། དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་མང་བ་དེ་ཆགས་སྟབས་རྒྱུ་མཚན་གང་གི་ཆ་ནས་བསམ་བློ་བཏང་ནའང་ཁྱེད་རང་ཚོ་ང་ཚོ་བོད་ཀྱི་དོན་གྱི་བདག་པོ་ལྟ་བུ་རེད། ཁྱེད་རང་ཚོ་དེ་དག་དོན་གྱི་བདག་པོའི་ཆ་ཤས་ཤིག་རེད། ཁྱེད་རང་ཚོ་དེ་རིང་འདིར་འབྱོར་ཏེ་ང་ཚོ་དེ་རེང་འདིར་ཐུག་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་བོ་བྱུང། གོང་དུ་ཞུས་པ་བཞིན་དུས་ད་བར་གཞིས་ལུས་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ལ་ངོ་མཚར་སྐྱེས་རྒྱུ་ཞིག་རེད། འཛམ་བུ་གླིང་གི་མི་མང་པོས་བོད་མིའི་ལྷག་བསམ་དང་། སྙིང་སྟོབས། ཡ་རབས་ཀྱི་སྤྱོད་པ་སེམས་པ་བཟང་པོ་བྱེད་རྒྱུ། དྲང་པོ་བྱེད་རྒྱུ་དེ་དག་མི་འདྲ་བ་ཞིག་འདུག་ཅེས་འཛམ་བུ་གླིང་གི་ཕྱི་རྒྱལ་མི་བོད་ནང་དུ་ལྟ་སྐོར་འགྲོ་མཁན་མང་པོས་དེ་འདྲ་བརྗོད་ཀྱི་འདུག
དེ་བཞིན་རྒྱ་རིགས་གྲོགས་པོ་བོད་ནང་བློ་ཟུ་བོར་གནས་པའི་ཐོག་ནས་རྟོགས་དཔྱོད་ཡོད་མཁན་ཚོས་བོད་མིའི་གཤིས་ཀ་དེ་མི་འདྲ་བ་ཞིག་འདུག སེམས་པ་བཟང་པོ། ཡ་རབས། དྲང་པོ་དེ་འདྲ་ཞིག་འདུག་ཅེས་རྒྱ་རིགས་ནང་ནས་ངོས་རང་ཐུག་མཁན་ཚོས་ཧ་ཅང་བསྔགས་བརྗོད་བྱེད་ཀྱི་འདུག ཁོང་རང་ཚོ་རྒྱ་རིགས་ཡིན་ནའང་རྒྱ་རིགས་ལས་བོད་རིགས་ཡ་རབས་པ་འདུག་ཅེས་བཤད་ཀྱི་འདུག དེར་བརྟེན་ཁྱེད་རང་ཚོ་དེ་དག་གིས་ད་ལྟ་བར་ཞེ་དྲག་ཡག་པོ་རེད་ཧུར་ཐག་འབད་ཐག་བྱས་བཞག ང་ཚོར་གང་ལྟར་དཀའ་ངལ་ཞིག་འཕྲད་བཞིན་ཡོད། དཀའ་ངལ་དེ་ཡང་མིས་བཟོས་པའི་དཀའ་ངལ་ཞིག་རེད། འཛམ་གླིང་གང་ས་གང་དུ་རང་བཞིན་གྱི་འབྱུང་བའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་ཀྱང་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་ཡིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་འཛམ་གླིང་གི་ས་ཕྱོགས་གང་སར་ངོས་ཀྱིས་ཤོད་ཀྱི་ཡོད། མིས་བཟོས་པའི་དཀའ་ངལ་ཞིག་ཡིན་ན་མིས་སེལ་ཐུབ་རྒྱུ་ཞིག་ཏན་ཏན་ཡིན་དགོས་རེད། གང་ཡིན་ཞེ་ན། དཀའ་ངལ་དེ་མིས་བཟོས་པ་རེད། མི་རང་ཉིད་ལ་དཀའ་ངལ་དེ་སེལ་ཐུབ་རྒྱུའི་ནུས་པ་ཏན་ཏན་ཡོད་ཅེས་བརྗོད་ཀྱི་ཡོད། དཔེར་ན། རྒྱུ་མཚན་ལ་བསམ་བློ་གཏོང་ན། མི་སུ་འདྲ་ཞིག་ཡིན་ནའང་དཀའ་ལས་ཁག་པོ་བཟོ་འདོད་མེད། དཔེར་ན་རྒྱ་རིགས་གྲོགས་པོའི་ནང་ཡིན་ནའང་རྙོག་གྲ་བཟོ་འདོད་ཁྱོན་ནས་མེད། ད་དུང་རྒྱ་ནག་སྲིད་གཞུང་ལྟ་བུར་ཆ་བཞག་ནའང་། འདྲ་ཆག་པོ་ཞིག་དང་ཡིད་དུ་འོང་བ། འཛམ་བུ་གླིང་ཚང་མས་བསྟོད་བསྔགས་བྱེད་ས་ཞིག་ཆགས་འདོད་ཡོད། མི་སུ་ཞིག་ཡིན་ན་ཡང་ཡག་པ་འདོད་པ་ལས་རྙོག་གྲ་འདོད་ཀྱི་མེད། རྙོག་གྲ་འདོད་ཀྱི་མེད་ཀྱང་ཞེ་སྡང་གིས་རྐྱེན་པས་རྙོག་གྲ་ཡོང་གི་ཡོད། དེའི་ཐུག་ས་དེ་མི་ཤེས་པའི་དབང་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་རང་ཚོའི་མི་ཡིས་མཚོན་པའི་སྲིད་པ་འཁོར་བའི་སྡུག་བསྔལ་གྱི་རྩ་བ་མ་རིག་པའམ་མི་ཤེས་པའི་དབང་གིས་བྱུང་བ་ཡིན་པ་གསུངས་ཡོད། དེར་བརྟེན་ང་རང་ཚོ་འཛམ་གླིང་འདིའི་སྟེང་གི་དཀའ་ངལ་མང་པོ་ཞིག་རྩ་བ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད་དེ། བླང་དོར་མི་ཤེ་པ་བྱས་ནས་རྨོངས་པའི་དབང་གིས་ཡོང་བཞིན་ཡོད། ང་ཚོ་བོད་པའི་དཀའ་ངལ་ལ་ཆ་བཞག་ནའང་རྩ་བ་མི་ཤེས་པའི་དབང་གིས་བྱུང་བ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད། རྒྱ་རིགས་དབང་ཆ་ཡོད་མཁན་ཚོས་བོད་ཀྱི་གནས་ཚུལ་ངོ་མ་དང་ལོ་རྒྱུས་ཇི་མ་ཇི་བཞིན་མ་ཤེས། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་ག་ཚོད་གཟབ་པོ་དང་སྤུས་དག་པོ་ཡོད་པ་དེ་ཡང་མ་ཤེས། འཛམ་གླིང་གི་དངོས་ཡོད་གནས་ཚུལ་ལའང་དོ་སྣང་མ་བྱེད་པའི་ཁར་རིགས་གཅིག་གིས་ཆེད་མངག་མིག་བཙུམ་ནས་སྡོད་ཀྱི་ཡོད་པ་དེས་རྐྱེན་གྱིས་དཀའ་ངལ་དེ་བྱུང་བ་ཞིག་ཡིན། དེ་འདྲ་ཡིན་དུས་མི་སུ་དང་སུ་ཡིན་ནའང་རིམ་བཞིན་ཉམས་མྱོང་བསག་ནས་གནས་ཚུལ་མཐོང་སྐབས་དངོས་ཡོད་གནས་ཚུལ་དེ་ཁས་མ་ལེན་དཀའ་མེད་ཆགས་ཡོང་གི་ཡོད།
དཔེར་ན། འཛམ་གླིང་འདིའི་སྟེང་ཆ་བཞག་ན་ཁོར་ཡུག་སྐོར་ལ་དེ་སྔ་ཡིན་ན་དོ་སྣང་རྩ་བ་ནས་མེད། འདས་པའི་ལོ་བཅུ་ཕྲག་ཁ་ཤས་ནང་གཞི་ནས་ཁོར་ཡུག་སྲུང་སྐྱོབ་དང་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་མཐོང་སྟེ་རྒྱལ་ཁབ་ཀྱི་སྲིད་གཞུང་ཚོས་ཡིན་ནའང་ཁོར་ཡུག་ལ་དོ་སྣང་དང་བདག་གཅེས་འགན་ཁུར་བྱེད་དགོས་རྒྱུའི་རྣམ་དཔྱོད་གསར་པ་ཞིག་བསླེབ་ཡོང་གི་འདུག དེ་དག་གིས་དངོས་ཡོད་གནས་ཚུལ་ཤེས་ནས་དེར་རྟོག་ཞིབ་བྱས་རྗེས་དངོས་ཡོད་གནས་ཚུལ་ཤེས་པའི་དབང་གིས་འགྱུར་བ་འདི་འགྲོ་བཞིན་ཡོད། མདོ་དོན་མིས་བཟོས་པའི་དཀའ་ངལ་དེ་མི་ཤེས་པའི་དབང་དང་། ཡང་ན་ཁྲག་དོག ཞེ་སྡང། དོགས་པ་དེ་འདྲའི་འོག་ནས་བྱུང་བ་ཞིག་རེད། བློ་དེ་དག་རྒྱུ་མཚན་ལྡན་པ་ཞིག་མིན། རྒྱུ་མཚན་མེད་པ་རེད། ང་རང་ཚོའི་སངས་རྒྱས་པའི་གཞུང་ནས་གསུངས་པ་ཡིན་ན། རྒྱུ་མཚན་མེད་པའམ་རྒྱུ་མཚན་ཕྱིན་ཅི་ལོག་པ་བགྲང་པ་དེ་དག་མ་རྟོགས་པ་དང་ལོག་པར་རྟོགས་པ་ཞེས་ཤོད་ཀྱི་ཡོད། མ་རྟོགས་པ་དང་ལོག་པར་རྟོགས་པ་ཟེར་བ་དེར་རྒྱབ་བརྟེན་གྱི་ཚད་མ་གང་ཡང་མེད། དེ་འདྲ་ཡིན་དུས་མིས་བཟོས་པའི་དཀའ་ངལ་དེ་དག་རིམ་པས་མི་རང་ཉིད་ཀྱིས་སེལ་ཐུབ་ཀྱི་རེད་ལ་སེལ་རྒྱུའི་བསམ་བློ་འཁོར་རྒྱུ་ཞིག་ཏན་ཏན་ཡོང་གི་རེད། དེ་འདྲ་ཡིན་དུས་ང་ཚོའི་བོད་ཀྱི་གནས་ཚུལ་ལ་ཆ་བཞག་ནའང་རྒྱ་ནག་མི་མང་ནང་ལ་གསར་འགྱུར་བཀག་བསྡོམ་དང་འཁྱོག་བཤད་བྱེད་རྒྱུ་དེ་དག་ལོ་བཅུ་ཕྲག་མང་པོའི་རིང་ལ་བྱས་བསྡད་པ་རེད། འོན་ཀྱང་དེང་སྐབས་ཤེས་ཡོན་ཅན་རྒྱ་རིགས་རྩོམ་བྲིས་པ་དང་ཉམས་ཞིབ་བྱེད་མཁན་མཁས་དབང་དེ་འདྲ་མང་པོའི་ནང་དུ་བོད་ཀྱི་དངོས་ཡོད་གནས་ཚུལ་དེར་གཞི་ནས་དོ་སྣང་བྱས་ཏེ་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱེད་སྐབས་བོད་ཀྱི་དཀའ་ངལ་དེ་རྩུབ་པོ་དང་། དྲག་གནོན་བྱས་ནས་སེལ་མི་ཐུབ་པ་ཞིག་དང་བོད་ཀྱི་དཀའ་ངལ་དེ་གཉིས་ཕན་གཅིག་འོག་ནས་སེལ་རྒྱུའི་བསམ་བློ་གཅིག་མི་མང་པོས་འཁོར་བཞིན་ཡོད།
ང་ཚོས་འདིར་དབུ་མའི་ལམ་གྱི་ཐོག་ནས་ཐབས་ཤེས་བྱེད་བཞིན་ཡོད། རང་རྒྱལ་གཞན་ཕམ་ཟེར་བ་དེ་མ་རེད། རང་གཞན་གཉིས་ཕན་གཅིག་ངོས་ཀྱིས་རྒྱུན་དུ་འཛམ་གླིང་གང་སར་ཤོད་ཀྱི་ཡོད། ངོས་ཀྱིས་དུས་རྟག་ཏུ་ཤོད་ཀྱི་ཡོད། འཛམ་གླིང་ནང་མིས་བཟོས་པའི་དཀའ་ངལ་དེ་དག་རང་ཉིད་མཐའ་གཅིག་ཏུ་རྒྱལ་རྒྱུ་དང་གཞན་མཐའ་གཅིག་ཏུ་ཕམ་རྒྱུའི་བསམ་བློའི་ཐོག་ནས་དཀའ་ངལ་དེ་དག་སེལ་ཐབས་མེད། ད་ལྟའི་དུས་རབས་འདིའི་དངོས་ཡོད་གནས་ཚུལ་དེས་འབྱུང་འགྱུར་གྱི་བདེ་བ་དང་སྡུག་བསྔལ་ཟེར་རྒྱུ་དེ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་བསྡད་ཡོད་དུས་གཉིས་ཕན་གྱི་ཐབས་ཤེས་འོག་ནས་སེལ་རྒྱུ་རེད་མ་གཏོགས། ཕྱོགས་གཅིག་གིས་སོ་སོ་མཁྲེགས་པོ་བྱས་ནས་དཔེར་ན་པེ་ལི་སི་ཊེན་གྱི་གནས་ཚུལ་ལྟ་བུ་ཆ་བཞག་ན། ལོ་བཅུ་ཕྲག་མང་པོ་ཕྱིན་ཡོད། ཕན་ཚུན་གཉིས་ཀས་རང་རྒྱལ་གཞན་ཕམ་ལྟ་བུ་བྱེད་སྐབས་རྙོག་གྲ་རྒྱུན་མ་ཆད་པ་ཡོང་བཞིན་ཡོད། མ་གཞི་ཆབ་སྲིད་སྐོར་དེ་དག་ཞིབ་ཕྲ་ཆབ་སྲིད་ཀྱི་འགོ་ཁྲིད་འོས་བསྡུའི་ལམ་ནས་མང་གཙོ་ཆ་ཚང་བ་ཞིག་འོས་འདེམས་བྱུང་བ་བློ་བཟང་སེང་གེ་ལགས་དང། ལོ་བཅུའི་གོང་ནས་ཆབ་སྲིད་ཀྱི་འགོ་འཛིན་འོས་བསྡུ་བྱས་ཏེ་བསླེབས་པ་འདས་པའི་ལོ་བཅུའི་རིང་འགན་བཞེས་མཁན་ཟམ་གདོང་རིན་པོ་ཆེས་དེ་སྔ་ཕན་ཆད་ཐབས་ཤེས་གང་འདྲ་བྱས་པ། ང་ཚོ་རྒྱ་གར་ནང་གི་གནས་སྟངས་གང་འདྲ་ཡོད་པ། རྒྱ་གར་ནང་དུ་ཆོས་དང་རིག་གཞུང།
དེ་བཞིན་དེང་དུས་ཀྱི་ཤེས་ཡོན་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གང་འདྲ་བྱས་མིན་སྐོར་ལ་འགྲེལ་བཤད་སྐྱོན་གྱི་རེད། ད་ལྟ་དང་འབྱུང་འགྱུར་སྐོར་ཆབ་སྲིད་ཀྱི་འགོ་ཁྲིད་བློ་བཟང་སེང་གེ་ལགས་ཀྱིས་འགྲེལ་བཤད་སྐྱོན་གྱི་རེད། སླད་ཡིན་ནའང་ང་ཚོ་བོད་ཀྱི་བདེན་པའི་མཐའ་སེལ་རྒྱུར་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་། ལྷག་བསམ་དེ་གཅིག་པུ་མ་རེད། ཤེས་ཡོན་གྱི་ཐོག་ནས་ང་ཚོའི་འཐབ་རྩོད་དེ་བདེན་པའི་འཐབ་རྩོད་རེད། བདེན་པའི་འཐབ་རྩོད་ཅེས་པ་དེ་འཚེ་བ་མེད་པའི་ཐོག་ནས་འགྲོ་ཐུབ་རྒྱུའི་རྒྱུ་མཚན་ཆ་ཚང་ཡོད། བདེན་པའི་འཐབ་རྩོད་ཡིན་ནའང་འཚེ་བའི་ལམ་ནས་ཕྱིན་ན། བདེན་པའི་གཟི་བརྗིད་དེ་ཉམ་འགྲོ་གི་ཡོད། འཛམ་གླིང་འདིའི་སྟེང་གནས་ཚུལ་མང་པོ་ཞིག་རྒྱུ་མཚན་བདེན་པ་ཡོད་ནའང་འཚེ་བའི་ཐོག་ཕྱིན་པའི་སྐབས། དཔེར་ན། ཉེ་ཆར་ཨི་རག་དང། དེ་བཞིན་ཨ་ཕི་གྷ་ནི་སི་ཐན་གྱི་གནས་ཚུལ་རྒྱུ་མཚན་ཡང་དག་པ་ཡོད། འོན་ཀྱང་བྱེད་ཐབས་དེ་འཚེ་བའི་ཐོག་ཕྱིན་པར་བརྟེན་རྙོག་གྲ་མང་པོ་ཞིག་སླེབས་ཡོང་གི་འདུག དེར་བརྟེན་བདེན་པའི་འཐབ་རྩོད་བྱེད་སྐབས་བདེན་པ་བདེན་ཐོག་འཁེལ་བ་བྱེད་རྒྱུར་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་དགོས་ཀྱི་ཡོད། དཔེར་ན་ད་ལྟ་བར་ཆ་བཞག་ན་མི་དང་མི་ཐུག་སྟེ་ཡོང་སྐབས་རྒྱ་ནག་གཞུང་གི་ལས་བྱེད་སུ་ཞིག་ཡིན་ནའང་། མི་དང་མི་ཐུག་སྐབས་ང་ཚོར་བདེན་པ་ཡོད། ང་ཚོ་རྒྱབ་མདུན་ངོ་ལྐོག་གཡོ་ཟོལ་བྱེད་དགོས་ཀྱི་མེད། ཕ་རོལ་པོར་བདེན་པ་མེད་པ་ཡིན་དུས་སྐབས་རེ་ཧམ་པ་བཤད་པ་དང། སྐབས་རེ་སྐྱག་རྫུན་བཤད་དེ་འགྲོ་བསྡད་ཀྱི་ཡོད། བདེན་པའི་འཐབ་རྩོད་དེ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་རྒྱུ་དེ་རང་བཞིན་གྱི་ཆོས་ཉིད་རེད་ལ་ཧ་ཅང་གལ་ཆེན་པོ་ཡང་རེད། འཚེ་བ་མེད་པའི་ལམ་ནས་བདེན་པ་བདེན་ཐོག་ལ་འཁེལ་བ་ཟེར་རྒྱུ་དེ་སྤྱང་གྲུང་སྐད་ཆ་མ་རེད། ཤེས་ཡོན་ལ་ཐུག་གི་ཡོད། དེར་བརྟེན་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་ང་ཚོ་རྒྱ་གར་ལ་ཡིན་ནའང་ཤེས་ཡོན་གྱི་ཐོག་དེ་སྔ་འགོ་སྟོད་ནས་ཧ་ཅང་གལ་ཆེན་པོ་རྩིས་པ་རེད། ཁྱེད་རང་ཚོ་ཡིན་ནའང་གཙོ་བོ་ད་ལྟའི་དུས་ཚོད་དེ་ཤེས་ཡོན་གྱི་ཐོག་དོ་སྣང་དང་ཤུགས་རྒྱག་དགོས།
ལྷག་པར་མི་རབས་གསར་པ་ཡར་ལོང་ཡོང་མཁན་ཚོ་ཧ་ཅང་གི་གལ་ཆེན་པོ་རེད། ཁྱེད་རང་ཚོ་རྒན་པ་ཚོ་ཆ་བཞག་ན་དོ་སྣང་ཆེ་ཙམ་བྱས། ཤེས་ཡོན་ལ་དེང་དུས་ཀྱི་ཤེས་ཡོན་དང་བོད་རང་ཉིད་ལ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ཤེས་ཡོན་དམིགས་བསལ་ཞིག་ཡོད། ད་ལྟ་གཉིས་ཀ་དགོས་གལ་ཆགས་ཡོད། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་ཡོད་ནའང་ང་ཚོ་བོད་རང་ཉིད་ཀྱི་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་ཤེས་ཡོན་མེད་ན་ཆ་མ་ཚང་བ་ལྟ་བུ་རེད། ང་ཚོ་བོད་པ་ཞིག་ཡིན་ཕྱིན་ཆད་ལ་ལོ་སྟོང་ཕྲག་རིང་གི་ང་ཚོར་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་བའི་དམིགས་བསལ་གྱི་བསམ་བློ་གཏོང་སྟངས་དང་གོམས་གཤིས་ཡོད་པ་དེ་དག་མུ་མཐུད་དེ་བསྡད་དགོས་རྒྱུ་ཞིག་དང་བསྡད་ན་ཁེ་ཕན་ཡོད། སང་ཉིན་གནངས་ཉིན་བཀའ་ཆོས་སྐབས་ངོས་ཀྱིས་འགྲེལ་བཤད་རྒྱག་གི་ཡིན། ཆོས་ཕྱོགས་ཟེར་ན་མི་འདུག སངས་རྒྱས་པའི་ལྟ་སྒྲུབ་དང་སངས་རྒྱས་པའི་ཆོས་ཞེས་དབྱེ་བ་ཕྱེ་ཡོད། དེར་བརྟེན་དེར་དོ་སྣང་ཆེ་ཙམ་བྱེད་དགོས་ཀྱི་རེད། དེང་དུས་ཀྱི་ཤེས་ཡོན་ཐོག་ད་ལྟ་ཡིན་ནའང་བོད་ནང་ཚང་མས་འཁུར་ཏན་ཏན་བླང་གི་ཡོད་པ་ལྟ་བུ་འདུག ད་དུང་ཡིན་ནའང་ང་ཚོ་ཚང་མས་ཤེས་ཡོན་ཐོག་དོ་སྣང་བྱེད་དགོས། གོང་དུ་བརྗོད་པ་བཞིན་ཁོར་ཡུག་གི་སྐོར་ཡང་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ཆ་བཞག་ན་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་ཐོག་མར་འབྱོར་སྐབས་ང་ཚོའི་ཁོར་ཡུག་སྐོར་དོ་སྣང་མེད་ལ་ཤེས་ཀྱི་ཡང་མེད། ང་ཚོ་བོད་ལ་ཆ་བཞག་ན་འགྲུལ་པ་འགྲོ་མཁན་ཞིག་ཁ་སྐོམ་སྐབས་དེར་ཆུ་ཞིག་ཡོད་ན་ཆུ་དེ་ལམ་སེང་འཐུང་གི་རེད་མ་གཏོགས། ཆུ་དེ་འཐུང་ལོ་གི་མ་རེད། དེ་བཙོག་པ་ཆགས་ཡོད་ཟེར་རྒྱུ་ང་ཚོ་བོད་ལ་གོ་རྒྱུ་མེད།
བློ་བཟང་སེང་གེ་རྒྱ་གར་ལ་སྐྱེས་པ་རེད། བོད་ཀྱི་ཆུ་ཕལ་ཆེར་འཐུང་མྱོང་མེད། དེ་སྔ་ང་ཚོ་བོད་ལ་ཆུ་ཟེར་སྐབས་གང་དུ་ཡོད་ཀྱང་ཆུ་ལ་རིན་པ་སྤྲོད་དགོས་ཀྱི་མ་རེད། ཆུ་གང་དུ་ཡོད་ཀྱང་འཐུང་ཆོག་གི་རེད། དེང་སང་ཆུ་ལ་ཆུ་རིན་སྤྲད་དགོས་རྒྱུ། ཆུ་འགྱིག་དམ་ནང་བླུག་པ་དེ་ཉོས་དགོས་རྒྱུ། སྤྱིར་བཏང་གི་ཆུ་དེ་དག་བཙོག་པ་བྱས་ཏེ་ཡག་པོ་མེད་ཅེས་བཤད་ཀྱི་ཡོད། སྔོན་མ་ང་ཚོས་དེ་ཤེས་ཀྱི་མེད། རྒྱ་གར་ལ་བསླེབས་ནས་གཞི་ནས་ང་ཚོས་དོ་སྣང་བྱེད་ཡོང་དུས་ཁོར་ཡུག་ཅེས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག ང་རང་ཚོ་འཛམ་གླིང་འདིའི་སྟེང་བཅུད་ཀྱི་སེམས་ཅན་སྤྱི་དང་། ལྷག་པར་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་འཚོ་གནས་ཐུབ་དང་མ་ཐུབ་སྟེང་ཐུག་ཡོད་པས་ཁོར་ཡུག་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ངོས་ཀྱིས་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་ཡུལ་པ་ཚོ་དང། དེ་བཞིན་དགོན་ཁག་ཚོར་འབོད་སྐུལ་ཞུས་སྡོད་ཀྱི་ཡོད། ང་ཚོ་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་ས་ཁུལ་ལ་ཤིང་འཛུགས་རྒྱུ་དེ་ག་ཚོད་ཐུབ་ཐུབ་ཤིང་སྡོང་འཛུགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལྟ་བུ་ཤིང་སྡོང་འཛུགས་རྒྱུའི་ལས་འགུལ་བྱེད་བཞིན་ཡོད། ང་རང་ཚོ་བོད་ལ་ཡིན་ནའང་ག་ཚོད་ཐུབ་ཐུབ་ཁྱེད་རང་ཚོ་ཡུལ་པ་ཚོ་དང་། དགོན་པ་ཚོ་ཡིན་ནའང་དགོན་པའི་ཉེ་འཁོར་ལ་ཤིང་ནགས་འདེབས་འཛུགས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དུ་ནགས་ཚལ་གསར་པ་བཟོ་རྒྱུ་དང་ཤིང་ནགས་འཛུགས་སྐྲུན་བྱེད་རྒྱུ་དེ་ཚོ་གྲས་ས་གནས་ཀྱི་དཔོན་པོ་ཚོར་ལབ་ཆོག་གི་རེད། དེ་ཆབ་སྲིད་ཀྱི་གནས་ཚུལ་གང་ཡང་མ་རེད། གང་ལྟར་ལུང་པ་སྤྱི་ལ་ཕན་པ་ཞིག་ཡིན་དུས་དེ་ཆབ་སྲིད་ཀྱི་གནས་ཚུལ་མིན་པར་བརྟེན་ཁྱེད་རང་ཚོས་འབོད་སྐུལ་བྱེད་ཆོག་གི་རེད། ཁོར་ཡུག་ཤིང་ནགས་འཛུགས་རྒྱུ་དེ་གལ་ཆེན་པོ་གཅིག་རེད། བར་སྐབས་ཡང་འདི་ལྟ་བུ་ཞིག་གོ་རྒྱུ་འདུག འབྲོག་ས་གློ་བུར་མར་སྤོས་ཏེ་འབྲོག་པའི་དེ་སྔ་ལོ་སྟོང་ཕྲག་རིང་གི་འགྲོ་སྟངས་འགྱུར་བ་ཕྱིན་ཏེ་དེ་ལྟར་བྱེད་སྐབས་འབྲོག་པ་རང་ཉིད་ལའང་དཀའ་ངལ་འཕྲད་བསྡད་པ་དང། སྤྱིའི་ཆ་ནས་བོད་རང་གི་རིག་གཞུང་དང་གོམས་གཤིས་ལའང་མ་བདེ་ཡོང་བསྡད་པར་སོང། དེ་ཚོའི་གྲས་དེ་བྱུང་རོགས་བྱས་ན་འབྲོག་ས་རང་ལ་སློབ་གྲྭའི་མཐུན་རྐྱེན་སྦྱར་རྒྱུ། དེ་བཞིན་འབྲོག་ས་རང་ལ་སྨན་ཁང་། དེང་དུས་ཀྱི་མཁོ་རྒུའི་ཡོ་ཆས་རིགས་འབྲོག་ས་རང་ལ་ཚོང་ཁང་བཟོ་རྒྱུ་དང། དཔེར་ན། སྦྲ་གུར་ནང་ཚོང་ཁང་དང་། སྨན་ཁང་། འཛིན་གྲྭ་འཚོགས་རྒྱུ་སོགས་བྱེད་ཐུབ་ཀྱི་རེད། རྩ་བའི་ལོ་སྟོང་ཕྲག་རིང་ནས་གོམས་གཤིས་འཇགས་པའི་འབྲོག་པའི་གནས་སྟངས་དེ་འབྲོག་པ་རང་གི་གནས་སྟངས་ཡོད་ན་ཡག་པ་འདུག སེམས་ཅན་གྱི་འགྲོ་སྟངས་དེས་ཀྱང་ཁོར་ཡུག་ལ་ཕན་གྱི་ཡོད་ཅེས་ཟེར་གྱི་འདུག སེམས་ཅན་གྱི་ལྕི་བ་དང་གཅིན་པས་རྩ་ཁ་ལའང་ཕན་རྒྱུ་གཅིག དེ་བཞིན་སེམས་ཅན་གྱི་རྨིག་པ། རྟ་དྲེལ་གྱི་རྨིག་པ་ལྟ་བུ་མིན་པ་རྨིག་པ་གཞན་པ་གཅིག་ཡོད་པ་དེས་རྩ་ཁར་ཕན་གྱི་ཡོད་པ་བརྗོད་ཀྱི་འདུག དེ་ཚོའི་གྲས་ལ་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ཡིན། གཞན་འབྲོག་པ་ཡུལ་ལ་སྤོས་སེམས་ཅན་དེ་དག་བཙོང་བྱས་ཏེ་ས་ཆ་འགའ་ཤས་ལ་དེང་སྐབས་ཡུལ་པའི་ར་ལུག་དམིགས་བསལ་ཡོད་པ་དེ་དག་རྫོགས་ནས་མཐོང་རྒྱུ་མེད་སྐོར་བརྗོད་མཁན་འདུག བཤས་ཚོང་ཞེ་དྲག་རྒྱབ་སྟེ་སེམས་ཅན་བཙོང་བ་དང། སེམས་ཅན་ཚོང་སར་མོ་ཊའི་ནང་བླུགས་དུས་སེམས་ཅན་གྱི་རྐང་པ་བཅག་པ་སོགས་ཐབས་སྐྱོ་བོ་ཞེ་དྲག་བརྗོད་གི་འདུག དངུལ་ལ་བརྔམས་ནས་དེ་འདྲ་བྱས་ན་ཕྱོགས་གཅིག་ནས་སྡིག་པ་ཧ་ལས་པའི་སྡིག་པ་རེད།
ཕྱོགས་གཅིག་ནས་དཔལ་འབྱོར་ཡིན་ཀྱང་སེམས་ཅན་འཚོ་བཞཱིན་དེ་སྔ་ལོ་ངོ་རྒྱ་ཕྲག་མང་པོའི་རིང་ནས་འཚོ་བའི་གནས་སྟངས་ཀྱི་འགྲོ་སྟངས་་བརྟན་པོ་ཞེ་དྲག་ཡོད། ཧོབ་ཏེ་གང་ལ་སེམས་ཅན་བཙོང་བཞག་དུས་དངུལ་ཏོག་ཙམ་ཐོབ་ཀྱང་ཕྱིས་སུ་འགུལ་སྐྱོག་རྒྱག་ས་མེད་པ་ཆགས་ཀྱི་རེད། མ་གཞི་དཀར་ཟས་དེ་འཕྲོད་བསྟེན་ལའང་ཕན་པོ་ཡོད། འོན་ཀྱང་བོད་ས་མཐོ་བོ་བྱས་ནས་ལོ་སྟོང་ཕྲག་རིང་ནས་གོམས་གཤིས་གཅིག་ཡོད། བོད་ལ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་མང་པོ་བྱུང་ཡོད་ནའང། བོད་རྒྱལ་ཡོངས་ལ་དམར་ཟས་བཀག་སྡོམ་གནང་བ་བྱུང་མེད་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད། བཤས་ཚོང་རྒྱག་རྒྱུ་དང་སེམས་ཅན་ལ་སྲོག་གི་འདུ་ཤེས་མེད་པར་སྡིག་སྤྱོད་བྱེད་རྒྱུ་དེ་འདྲ་མེད་པ་བྱས་ཚང་མས་ཤ་གསོས་པ་སྤང་ནས་དཀར་ཟསརྐྱང་པ་བསྟེན་དགོས་པ་བརྗོད་རྒྱུ་དེ་ཡང་མཐར་ལྷུང་པ་ལྟ་བུ་ཆགས་སྲིད་ཀྱི་རེད། དེ་ཚོ་གཟབ་གཟབ་བསམ་བློ་གཏོང་དགོས། ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་གནས་ཚུལ་སྤྱི་ཡོངས་ཀྱི་ཐོག་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་བཞིན་བོད་ནང་ས་ཆ་འགའ་ཤས་ལ་བདེན་པ་ཡིན་མིན་མི་ཤེས། མི་འདས་པོ་ལ་འདས་ཆོས་བྱེད་སྐབས་ཐུགས་སྤྲོས་གཏོང་གི་ཡོད་པ་གོ་བྱུངབདེན་པ་ཡིན་མིན་ཁྱེད་ཚོས་ཤེས་ཀྱི་རེད། རྒྱས་སྤྲོས་བྱས་ཏེ་སོ་སོའི་དགའ་ཉེ་བློ་དཀར་འདས་པའི་སྐབས་ལ་སྡུག་བསྔལ་མི་དྲན་ཆེད་མིན་ནམ། གང་ལྟར་སྤྲོ་སྐྱིད་བཏང་སྟེ་འདས་པོའི་ཆེད་དུ་དགེ་བ་བསྒྲུབ་རྒྱུར་རེད་མ་གཏོགས་འདས་པོའི་ཆེད་དུ་སྤྲོ་སྐྱིད་བཏང་ཟེར་བ་དེ་རན་པོ་གང་ཡང་མེད། བོད་ལ་དེ་སྔ་ལུགས་སྲོལ་དེ་འདྲ་མེད། ཕྱོགས་མཚུངས་དེང་སྐབས་བོད་དུ་དཔལ་འབྱོར་གནས་སྟངས་ཕྲན་བུ་དྲག་ཏུ་འགྲོ་སྐབས་ཤོ་སྦག་དང་མ་ཇང་རྒྱབ་རྒྱུ་སོགས་ཡོང་གི་འདུག ངོས་ཀྱི་ཧི་མཱ་ལ་ཡིའ་རི་རྒྱུད་ལ་དྭགས་ནས་ངོ་ཤེས་པ་དེ་ཚོར་དེ་སྔ་ངོས་ཀྱི་ལ་དྭགས་པའི་ཁུལ་་མ་ཇང་རྒྱག་མཁན་ཡོད་མེད་དྲིས་པར་ཁོང་གིས་དེ་སྔ་མེད་ཀྱང་དེང་སྐབས་བོད་པས་མ་ཇང་རྒྱོབ་སྟངས་བསླབ་ཀྱི་་ཡོད་སྐོར་བརྗོད་བྱུང། ཡག་པ་བསླབ་ཀྱི་ཡོད་ཀྱང་སྡུག་པ་ཡང་བསླབ་ཀྱི་ཡོད་པ་ལྟ་བུ་འདུག དེར་བརྟེན་བོད་ནང་དུའང་དངུལ་ཏོག་ཙམ་བྱུང་སྐབས་རྒྱན་པོ་འགྱེད་པའི་རྩེད་མོ་རྒྱན་ཆེན་པོ་བཙུགས་ཏེ་རྩེད་མོ་རྩེད་རྒྱུ་རིགས་དར་གསོ་ཆེ་རུ་འགྲོ་གྱི་ཡོད་སྐོར་བརྗོད་ཀྱི་འདུག དེ་ཚོར་གཟབ་གཟབ་བྱེད་དགོས། དེ་རིགས་བྱེད་རྒྱུ་མེད། དུས་འཁོར་དབང་ནང་དང་དུས་འཁོར་གྱི་བསླབ་བྱའི་ནང་དུའང་ཆོ་ལོ་ཁ་ན་མ་ཐོས་ཞེས་ཆོ་ལོ་ཟེར་ན་སྟོད་པའི་རྒྱན་པོ་འགྱེད་ཀྱི་རྩེད་མོ་རིགས་གསུངས་ཀྱི་ཡོད། འགན་ཆེན་པོ་བཙུགས་པ་སོགས་བྱེད་རྒྱུ་མེད། དེ་བཞིན་ཆང་རག་ཚད་མེད་འཐུང་ནས་སོ་སོའི་ལུས་པོ་འཕྲོ་བརླག་འགྲོ་རྒྱུ་དེ་འདྲའང་བརྗོད་རྒྱུ་འདུག ཕྱོགས་གཅིག་ནས་ཁག་མེད་པ་ལྟ་བུ་རེད། སེམས་མ་སྐྱིད་པ་བྱས་ནས་ཨ་རག་དང་ཉེས་ཐག་ཐུང་རྒྱུ་དེ་འདྲ་ཡོང་བཞིན་ཡོད་པ་སྐབས་རེ་ཤོད་ཀྱི་འདུག དེ་རིགས་ལ་གཟབ་གཟབ་བྱས་དགོས། སེམས་ཧོབ་ཏེ་མ་སྐྱིད་པ་བྱེད་དགོས་རྒྱུ་མེད། དཀའ་ངལ་ཆུང་ཆུང་མ་རེད། དཀའ་ངལ་ཆེན་པོ་རེད། འོན་ཀྱང་དཀའ་ངལ་མི་ཤེས་པའི་དབང་གི་བྱུང་བའི་དཀའ་ངལ་དེ་རིམ་བཞིན་ཤེས་ཡོན་ཡར་རྒྱས་ཕྱིན། དངོས་ཡོད་གནས་ཚུལ་རྟོགས་ཡོང་དུས་དཀའ་ངལ་སེལ་ཐུབ་རྒྱུ་རེད་མ་གཏོགས་དཀའ་ངལ་ད་ལྟ་ད་ལྟ་སེལ་རྒྱུ་ཟེར་རྒྱུ་དེ་ཞེ་དྲག་ཁག་པོ་རེད། དེར་བརྟེན་ང་ཚོའི་བོད་པའི་གཏམ་དཔེ་ལ། དོན་ཆེན་བསྒྲུབ་པར་ངང་རིང། ཞེས་བརྗོད་ཀྱི་ཡོད། དོན་ཆེན་པོ་ཞིག་བསྒྲུབ་རྒྱུར་ངང་རྒྱུན་རིང་པོའི་ཐོག་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་དགོས།
ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༢ ལྷག་འགྲོ་གི་ཡོད། ཚ་གི་ཚི་གེ་བྱས་ནས་ལས་ཀ་བྱས་མེད། བདེན་པའི་མཐའ་གསལ་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐག་ཆོད་པ་རེད། བདེན་པ་བདེན་མཐའ་གསལ་བར་རྐྱེན་མང་པོ་འཛོམས་དགོས་ཀྱི་ཡོད། ད་ལྟའི་གནས་སྟངས་ཆ་བཞག་ན་བོད་ཀྱི་གནས་ཚུལ་གཙོ་བོ་རྒྱ་ནག་གྲོགས་པོ་ཚོའི་ནང་བོད་ཀྱི་གནས་ཚུལ་ཤེས་ནས་བོད་ཀྱི་ཐོག་ལ་ཤ་ཚ་བདེན་རྒྱབ་བྱེད་མཁན་ཇེ་མང་ཇེ་མང་འགྲོ་བཞིན་ཡོད། སྔ་ལོར་ཡིག་ཆ་གཅིག་གི་ནང་དུ་རྒྱ་ནག་ནང་དུ་དེང་སྐབས་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ས་ཡ་ ༣༠༠ སྐོར་ཡོད་པ་བརྗོད་ཀྱི་འདུག ནང་པ་བྱེད་མཁན་གྱི་གྲངས་ཚད་འཕར་རྒྱུ་དེ་ཧ་ཅང་མྱུར་པོ་ཡོད་པ་ལྟ་བུ་འདུག རྒྱ་ནག་རྒྱལ་ཁབ་ཆེ་པོ་དེ་བཞིན་ལོ་རྒྱུས་ཐོག་ནས་ནང་པའི་རྒྱལ་ཁབ་ཡིན། དེ་རིགས་ང་ཚོར་མཐུན་པའི་རྐྱེན་རེད། གཅིག་བསྡུས་ལམ་ལུགས་དེ་འཛམ་གླིང་འདིའི་སྟེང་ཡལ་འགྲོ་གི་ཡོད། རྒྱ་ནག་གཅིག་པུར་སྡོད་རྒྱུ་ཧ་ཅང་ཁག་པོ་རེད། འགྱུར་བ་ཏན་ཏན་འགྲོ་རྒྱུ་རེད། དེ་འདྲ་ཡིན་དུས་རྒྱ་རིགས་མི་མང་ནང་ནས་ང་ཚོར་རྒྱབ་སྐྱོར་ཤ་ཚ་རྣམ་དག་བྱེད་མཁན་བྱེ་མང་བྱེ་མང་འགྲོ་བཞིན་ཡོད། དེ་འདྲ་ཡིན་དུས་ང་ཚོའི་བདེན་པའི་མཐའ་གསལ་ཡོང་གི་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད། སེམས་སྐྱིད་པོ་བྱས་ནས་སྡོད། ཤེས་སོང་ངམ། ང་ཚོ་འདིར་བཙན་བྱོལ་ལ་ཡོད་མཁན་བོད་མི་དེ་དག་གིས་ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱི་ཡོད། ང་ཚོས་འདིར་སྤོབས་པའི་ཐོགས་ནས་ཐབས་ཤེས་བྱེད་རྒྱུ་གཙོ་བོ་དེ་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་རེ་བའི་བསམ་པ་ཤུགས་ཆེན་པོ་དེ་འདྲ་ཞིག་ཡོད་པ་ཡིན་དུས། ང་ཚོས་འདིར་རྒྱུ་མཚན་ལྡན་པ་ཞིག་དང་དྲང་ཞིང་འོས་པ་ཞིག་ཡིན་བསམ་པའི་ཐོག་ནས་ང་ཚོས་ད་བར་ལས་ཀ་བྱས་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མས་སྔར་བཞིན་ཧུར་ཐག་དང་སེམས་སྐྱིད་པོ་བྱེད་ནས་སྡོད། བར་སྐབས་ད་ལྟ་ངོས་ཀྱིས་འགྱུར་བ་ཆེན་པོ་ཞིག་བཏང་ཡོད། དེ་དགའ་ལྡན་ཕོ་བྲང་༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་སྟེ་ལོ་བཞི་བརྒྱ་མ་ཟིན་ཙམ་ཞིག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུ་ཞིག་བྱུང་བསྡད་ཡོད། སྤྱིར་བཏང་འཛམ་བུ་གླིང་གང་དུ་བལྟས་ཀྱང་བླ་ཆེན་དཔོན་ཆེན་གྱིས་དབང་ཆ་གཙང་མ་འཛིན་ཟེར་བའི་དུས་ཚོད་ཡོལ་བ་རེད། དེར་བརྟེན་ང་ཚོ་བོད་ཀྱང་འཛམ་བུ་གླིང་འདིའི་སྟེང་ཡོད་པའི་ལུང་པ་ཆགས་ཡོད། འཛམ་གླིང་སྤྱི་དང་མཐུན་པ་འགྲོ་རྒྱུ་དེ་གལ་ཆེན་པོ་རེད། ༸གོང་ས་སྐུ་གོང་མས་རྒྱ་གར་ནས་ཕྱིར་འཁོར་སྒྲུབ་པའི་རྗེས་ལ་དེང་དུས་ཤེས་ཡོན་སློབ་སྦྱོང་བྱེད་རྒྱུ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་འབྲེལ་བ་བྱེད་རྒྱུ་དེ་དག་དགོངས་བཞེས་གནང་བ་རེད། བོད་ནང་ལ་མང་པོ་ཞིག་བསྒྱུར་བཅོས་བཏང་རྒྱུའི་དགོང་བཞེས་གནང་འདུག་ཀྱང་ལམ་དུ་འགྲོ་རྒྱུ་ཞིག་དང་ཆ་ཚང་གི་ལག་ལེན་འཁྱོལ་རྒྱུ་ཞིག་མ་བྱུང་བ་རེད། དེར་བརྟེན་ང་ཚོས་འཛམ་བུ་གླིང་སྤྱི་དང་མཐུན་པའི་དུས་ཚོད་རྗེས་ཟིན་པ་ཐོག་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་སྒེར་གྱི་ངོས་ནས་ཆ་བཞག་ན་ངོས་ཆུང་ཆུང་སྐབས་རྭ་སྒྲེང་དང་སྟག་བྲག་རྒྱལ་ཐོག་ཡོད་པའི་སྐབས་ངོས་ལ་གསར་འགྱུར་འཁྱེར་ཡོང་མཁན་དེ་ནོར་བུ་གླིང་ཁ་དང་རྩེའི་གད་པ་དེ་ཚོའི་གྲས་རེད། ང་ཚོ་རྩེད་མོ་རྩེས་བྱས་བསྡད་དུས་ཁོང་ཚོ་ཞེ་སྣང་འཚེར་སྣང་མེད་པར་བྱས་ཏེ་སྐད་ཆ་དྲང་པོ་ཤོད་ཀྱི་རེད། གཞུང་ཞབས་ཚོར་སྐད་ཆ་དྲིས་པ་ཡིན་ན་ཏོག་ཙམ་སྒམ་པོ་བྱས་ཏེ་གོང་རིམ་ལ་ཕོག་ཐུག་ཕྱིན་ན་རྙོག་གྲ་ཡོང་གི་རེད་བསམ་སྟེ་གཟབ་གཟབ་བྱེད་ཀྱི་འདུག གད་པ་དེ་ཚོའི་གྲས་ཀྱིས་ནང་ཚགས་བྱས་ཏེ་ངོས་ལ་ཤོད་ཀྱི་ཡོད། དེར་བརྟེན་རྒྱལ་པོ་དང་ཕྱག་མཛོད་ཀྱི་མ་འགྲིག་པ་གཞུང་ཞབས་བསྐོ་གཞག་བྱེད་དུས་ཅིག་གཅིག་གིས་དངུལ་ཞེ་དྲག་བསྐྱལ་བ་དང་ཅིག་གཅིག་གི་གསེར་བསྐྱལ་རེད་ཟེར་གྱི་དེ་དྲང་པོ་མ་རེད་ཅེས་ངོས་ཀྱི་གོ་བསྡད་ཀྱི་ཡོད། དེ་ཚོའི་གྲས་ཀྱི་ང་ཚོའི་བླ་ཆེན་དཔོན་ཆེན་གྱི་དབང་འཛིན་སྡོད་རྒྱུ་དེས་སྐྱོན་ཆ་ཞེ་དྲག་ཡོད་བསྡད་པ་ཞིག་ཆུང་དུས་སྐབས་ནས་ངོས་ཀྱིས་མཐོང་སོང།
ཕྱི་ལོ་ ༡༩༥༡ ལོར་ངོས་ཀྱིས་རྒྱལ་སྲིད་ཆོས་སྲིད་ཀྱི་ཆབ་སྲིད་འགན་དེ་བླང་བ་རེད། ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ཚོགས་མི་བཙུགས་སྟེ་གང་ལྟར་བསྒྱུར་བཅོས་བཏང་རྒྱུའི་འགོ་ཞིག་ཚུགས་པ་རེད། འོན་ཀྱང་ལམ་འགྲོ་ཆ་ཚང་བ་ཞིག་བྱུང་མ་སོང། གང་ཡིན་ཟེར་ན་གུང་ཁྲན་ཏང་གིས་བོད་པ་རང་ཉིད་ཀྱིས་བཅོས་བསྒྱུར་གྱི་ལས་ཀ་བྱས་པ་ཡིན་ན་བོད་པར་རན་པ་ཞིག་བྱེད་ཀྱི་རེད། བོད་པར་རན་པ་ཞིག་གི་བཅོས་བསྒྱུར་བཏང་ཚར་ན་གུང་ཁྲན་ཏང་གི་རྒྱ་ནག་ནང་དུ་བཅོས་བསྒྱུར་བཏང་བ་ན་ལྟར་ཞིག་གཏོང་རྒྱུའི་འགལ་རྐྱེན་ཆགས་ཀྱི་རེད་བསམ་ཏེ་དེ་དུས་ལམ་འགྲོ་བྱུང་མ་སོང། ཕྱི་ལོ་ ༡༩༥༩ ལོར་མཐའ་མ་རྒྱ་གར་དུ་སླེབས་རྗེས་ང་ཚོ་འདིར་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་ཞིག་ཡོད་བསྡད་པ་དེ་མང་གཙོའི་སྟེང་འགྲོ་རྒྱུ་དེ་འགོ་རྒྱ་གར་སླེབས་རྗེས་ཕྱི་ལོ་ ༡༩༥༩ ལོ་རྒྱ་གར་སླེབས་པ་རེད་ཕྱི་ལོ་ ༡༩༦༠ ལོ་འགོ་ནས་ངོས་ཀྱི་ལས་ཀ་འགོ་བཙུགས་པ་ཡིན། དེ་ནས་མང་གཙོའི་ལས་ཀ་གོམས་པ་རིམ་སྤོས་བྱས་ཏེ་ལག་ལེན་བསྐྱལ་བ་རེད། ལོ་བཅུའི་གོང་ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་གིས་འོས་འདེམས་བྱས་ཏེ་ཡར་སླེབས་རྒྱུའི་མཚམས་ངོས་ཀྱི་གནས་སྟངས་ཕྱེད་རྒན་ཡོལ་ཡིན་བྱས་ཏེ་ཕྱི་ནང་ཚང་མར་དེ་ཤོད་ཀྱི་ཡོད། ཆབ་སྲིད་ཀྱི་གནད་དོན་གལ་ཆེ་བ་ཚང་མ་བཀའ་བློན་ཁྲི་པས་ཐག་བཅད་པ་མ་གཏོགས་ངོས་ཀྱི་དེར་བྱུས་ཏོག་བྱས་ཏེ་དེ་བྱེད་དགོས་མ་རེད་ཤོད་ཀྱི་མེད། བསམ་འཆར་གོ་བསྡུར་བྱེད་རྒྱུ་དེ་འདྲ་བྱེད་ཀྱི་རེད། ཕྱེད་རྒན་ཡོལ་བྱས་ཏེ་ཕྱིན་པ་རེད། ད་ལོ་བཅུ་མར་ཕྱིན་ཏེ་ཟམ་གདོང་རིན་པོ་ཆེས་ཐེངས་མ་གཉིས་བྱས་ཏེ་ལོ་ལྔ་རེར་ཕྱིན་པ་རེད། ན་ནིང་གི་འོས་བསྡུ་བྱས་ཡོང་དུས་མི་མང་གི་འོས་བསྡུ་བྱེད་རྒྱུར་ཚོར་སྣང་ཤུགས་ཆེན་པོའི་དོ་སྣང་ཡོད་པ་ཧ་ཅང་ཡག་པོ་བྱས་སོང་། འོས་དམིགས་ནང་བློ་བཟང་སེང་གེ་གཅིག་སླེབས་ཡོད་རྒྱ་གར་དུ་སྐྱེས་པ་དང་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཡོད། ངོས་ཀྱིས་ནམ་རྒྱུན་རྩེད་མོ་རྩེས་ཏེ་ཤོད་ཀྱི་ཡོད། བློ་་བཟང་སེང་གེ་བོད་ཡིག་ཡག་པོ་གང་འདྲ་ཡོད་མེད་ངོས་རང་རྒྱུགས་ལེན་དགོས་ཡོད་ཅེས་བཤད་བསྡད་ཀྱི་ཡོད། བོད་ཡིག་ཞེ་དྲག་གི་གོམས་འདྲིས་དང་སྦྱོང་བརྡར་ཆུང་དུས་ནས་མེད་དུས་ཁག་མེད། རྩ་བའི་དེང་དུས་ཤེས་ཡོན་ཚང་མ་རྒྱ་གར་དུ་ང་ཚོ་བོད་པའི་སློབ་གྲྭའི་ནང་སློབ་སྦྱོང་བྱས། དེ་ནས་ལྡི་ལིར་མཐོ་སློབ་ཚར་རྗེས་ཨ་རིའི་གཙུག་ལག་སློབ་གྲྭ་སྐད་གྲགས་ཡོད་ས་ཧ་ཝར་ཟེར་བ་དེར་སློབ་སྦྱོང་བྱས་ཏེ་དེང་དུས་ཤེས་ཡོན་ཐོག་ནས་རྩེར་སོན་པ་ཆགས་བསྡད་ཀྱི་ཡོད། དེ་སྔ་ནས་བློ་བཟང་སེང་གེ་གཞོན་ནུས་སྐབས་ནས་ངོས་ཀྱི་ངོ་ཤེས་ཀྱི་ཡོད། ་ལྷག་བསམ་རྣམ་དག་དངོས་གནས་སྙིང་སྟོབས་ལྡན་པ་ཧ་ཅང་ཡག་པོ་ཡོད། འོས་བསྡུས་ཡོང་དུས་མི་མང་གིས་དེ་ག་རང་མང་མོས་ཀྱི་བློ་བཟང་སེང་གེར་འོས་ཐོབ་ཏེ་དེ་འདྲ་ཡིན། ངོས་ཀྱི་དེ་ཧ་ཅང་ཡག་པོ་མཐོང་སོང། མི་རབས་རྒན་པ་ཚོས་ད་བར་ལོ་ལྔ་བཅུ་ལྷག་ཙམ་རིང་རྨང་གཞི་བཏིང་རྒྱུ་དེ་དག་ཧ་ཅང་ཡག་པོ་བྱུང་ཡོད། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ང་ཚོ་ཆགས་ཡོད། ད་ཆ་ང་ཚོ་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་མཁན་ཞིག་གིས་འགན་འཁྱེར་ནས་འགྲོ་རྒྱུའི་དུས་ལ་ཏག་ཏག་བབ་ཡོད་པ་དེ་ངོས་ཀྱི་མཐོང་གི་འདུག ད་ཕལ་ཆེར་ཕྱེད་རྒན་ཡོལ་ཟེར་རྒྱུ་དེ་ངོས་ཀྱི་མི་ཚེ་སྒང་པོ་ཕྱེད་རྒན་ཡོལ་ལ་སྡད་ན་དགོས་པ་མེད། དེ་ལས་རྒན་ཡོལ་ཆ་ཚང་བྱས་བཞག་ན་ཡག་གི་རེད། དེ་སྔ་༸གོང་ས་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ། དགེ་འདུན་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ་བཅས་སྐུ་ཕྲེང་བཞི་པོ་དེས་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་ཀྱི་འགན་མེད།
༸གོང་ས་ལྔ་པའི་སྐབས་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་པ་རེད། ངོས་ཀྱི་ཕྱེད་ཀ་རྩེད་མོ་དང་ཕྱེད་ཀ་འབོར་ཤོབ་བྱས་ནས་འདི་འདྲ་ཤོད་ཀྱི་ཡོད། ལོ་བཞི་བརྒྱ་མ་ཟིན་ཙམ་རིང་དགའ་ལྡན་ཕོ་བྲང་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ནས་འགྲོ་རྒྱུའི་སྲོལ་དེ་ངོས་སྐུ་ཕྲེང་བཅུ་བཞི་པས་མིང་ཡོད་མཁན་འདིའི་སྐབས་ནས་འགྱུར་བ་གཏོང་རྒྱུ་དང་འགྱུར་བ་དེ་ཡང་མ་བྱས་དཀའ་མེད་བྱུང་སྟེ་འགྱུར་བ་བཏང་བ་མིན་པར། དགའ་ཞིང་སྤྲོ་ཞིང་དང་བས་ཀུན་ནས་བླངས་ཏེ་རང་མོས་ཀྱི་ཐོག་ནས་སྤོབས་པ་བྱས་ནས་མཇུག་ལྡོག་བྱས་མཚམས་འཇོག་རྒྱུ་དེ་འདྲ་བྱུང་ན་རྒྱལ་བ་སྐུ་ཕྲེང་གོང་མ་ཚོའི་ཞབས་འདེགས་ལ་འགྲོ་རྒྱུ་རེད་བསམ་དྲན་གྱི་འདུག འགྱུར་བ་འགྲོ་རྒྱུ་དེ་མ་བཏང་དཀའ་མེད་འོག་ནས་འགྱུར་བ་ཕྱིན་པ་ཡིན་ན་ངོ་མཚར་ཆེ་རྒྱུ་གང་ཡང་མེད། ངོས་ཀྱིས་ཕྱེད་ཀ་རྩེད་མོ་དང་སྦྲགས་སྐུ་ཕྲེང་བཅུ་བཞི་པར་བོད་པ་ལྟ་ཅི་སྨོས་འཛམ་གླིང་གི་མི་མང་པོས་ངོས་ལ་དགའ་མོས་བྱེད་བཞིན་ཡོད། དེར་བརྟེན་རྒྱལ་བ་རིན་པོ་ཆེ་འུ་ཐུག་ནས་དགོངས་པ་ཞུས་པ་ལྟ་བུ་མིན་པར་སྤོབས་པའི་ངང་ནས་དགའ་ཞིང་སྤྲོ་ཞིང་འགྱུར་བཅོས་གཏོང་སྐབས་གཟི་བརྗིད་ཡོད། ངོས་ཀྱིས་ཐག་གཅོད་དེ་བྱས་རྗེས་ཕྱི་རྒྱལ་ལུང་པ་མང་པོར་བསླེབས་ཡོད། ངོས་ཀྱི་ངོ་ཤེས་མང་པོས་ངོས་ཀྱི་རྒྱལ་བ་རིན་པོ་ཆེའི་སྲིད་དབང་གི་ལས་ཀ་བཞག་ནས་མང་གཙོ་གཙང་མ་བྱེད་རྒྱུ་དེ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་བརྗོད་ཀྱི་འདུག ཉེ་ཆར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཧ་ཝེལ་མཆོག་སྐུ་གཤེགས་པ་རེད། ཁོང་མ་གཤེགས་པའི་ཉིན་མ་བཅུའི་གོང་ལ་ངོས་ཀྱིས་མཇལ་བ་ཡིན། ངོས་གཉིས་སྔ་མོ་ནས་གྲོགས་པོ་ནང་ཚགས་ཡིན། ཁོང་མཇལ་མ་ཐག་ཁོང་གིས་ངོས་ནས་ཆབ་སྲིད་ཀྱི་ལས་འགན་དེ་བཞིན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ལས་འགན་ཆ་ཚང་རྩིས་སྤྲོད་བྱས་པ་དེ་ཧ་ཅང་ཡག་པོ་བྱུང་འདུག རླབས་ཆེན་དང་གཟི་བརྗིད་ལྡན་པ་རེད་ཅེས་ཧ་ཅང་བསྔགས་བརྗོད་གནང་གི་འདུག དེ་དེ་མཚུངས་རེད། འོན་ཀྱང་ང་ཚོ་བོད་པའི་ནང་གནས་ཚུལ་ཆ་ཚང་མ་རྟོགས་པར་སེམས་ནང་སེམས་ཁྲལ་དང་བློ་དོགས་བྱ་རྒྱུ་ལྟ་བུ་འགའ་ཤས་ཡོང་སྲིད་པ་རེད། གནས་ཚུལ་འདི་ད་རེས་གཞིས་ལུས་རྒྱ་ཆེའི་མི་མང་དུམ་བུ་གཅིག་ཡོད་སར་ངོས་ཀྱིས་བསལ་པོ་བྱས་ནས་ཞུ་རྒྱུར། ངོས་ཀྱིས་ཐག་གཅོད་བྱས་པ་དེ་དགོས་པ་རྒྱུ་མཚན་མང་པོའི་ཐོག་ནས་ངོས་ཀྱིས་ཐག་གཅོད་བྱས་པ་ཡིན། དེ་བཞིན་བརྟག་དཔྱད་རིམ་པ་བྱས་རྗེས་མཐའ་མར་ཐག་གཅོད་བྱས་པ་དེ་འདྲ་རེད།
ངོས་ཀྱི་ཐག་གཅོད་འདི་འདྲ་ཞིག་བྱས་དགོས་པའི་རྒྱུ་མཚན་ངོས་རང་སེམས་ཤུགས་ཆགས་པ་ལྟ་བུ་དང་། ཡང་ན་ངོས་ཀྱི་གཟུགས་པོ་རྒས་པོ་ལག་པའི་འཁྱོག་ཚད་ལྟ་བུ་ཆགས་ནས་ངོས་ཀྱིས་ཐག་གཅོད་བྱས་པ་ལྟ་བུ་རྩ་བ་ནས་མིན། ངོས་རང་གཟུགས་པོ་བདེ་ཐག་གཅོད་ཡོད། ད་དུང་ལོ་བཅུ་ཉི་ཤུ་སུམ་ཅུ་སྡོད་ཐུབ་རྒྱུའི་རེ་བ་ཡོད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ཡང་བོད་ཀྱི་གནད་དོན་དེ་རེ་བ་བྲལ་བ་དང་རེ་བ་བརླག་པ་ལྟ་བུ་བྱས་ནས་ངོས་ཀྱི་ལས་ཀ་བཞག་པའང་མ་རེད། ཡང་ངོས་ཀྱིས་འཁུར་རྩ་བ་ནས་མེད་པ་གཅིག་ཀྱང་ཡོང་ཤེས་ཀྱི་མ་རེད། ང་ཚོ་བོད་སྤྱི་པའི་དོན་དག་དེ་བོད་མི་སྤྱིའི་ལས་འགན་ཆགས་ཡོད། ངོས་རང་བོད་པ་ཞིག་ཆགས་ཡོད་པར་བརྟེན་ངོས་རང་མ་འཆི་བར་དུ་བོད་སྤྱི་པའི་དོན་དག་ལ་སེམས་འཁུར་དེ་བསྡད་ཀྱི་རེད། གངས་ཅན་པ་ཞིག་ཡིན་པའི་ཆ་ནས་ཁར་ཐུག་ཁར་ཐུག་གི་འོས་བབ་དེ་འདྲ་ཡོད་ཚེ་ངོས་ཀྱིས་བྱེད་ཀྱི་རེད། རྩ་བའི་ངོས་ཀྱི་ཚེ་སྨད་དེ་ནས་༸གོང་ས་སྐུ་ཕྲེང་དང་པོ་གཉིས་པ། གསུམ་པ། བཞི་པ་ལྟ་བུ་ཆོས་ཕྱོགས་ཀྱི་འགན་རྐྱང་རྐྱང་གི་འགན་འཁྱེར་ནས་འགྲོ་རྒྱུ་བྱེད་ན་ཡག་པོ་མེད་འགྲོ་བསམ་དྲན་པ་རེད། རྒྱུ་མཚན་འདི་ལྟར་རེད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས་ཨང། བློ་བཟང་སེང་གེ་ལགས་ཀྱིས་འགན་འཁྱེར་ནས་ཟླ་བ་འགའ་ཤས་ཕྱིན་པ་རེད། རྒྱ་གར་དང་ཡུ་རོབ། དེ་བཞིན་ཨ་རི་སོགས་ལ་འབྲེལ་བ་བྱེད་སྟངས་དེ་དག་ངོས་ཀྱི་ངོ་ཤེས་པ་མང་པོས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག བློ་བཟང་སེང་གེ་ལགས་ཧ་གོ་པོ། སྐད་བདེ་པོ། བསམ་བློའི་ཐོག་ནས་འདྲ་འདྲ་མཉམ་མཉམ་བྱས་ནས་གོ་བསྡུར་བྱེད་རྒྱུ་དེ་དག་ཧ་ཅང་ཡག་པོ་ཡོང་གི་འདུག་ཅེས་ཚང་མས་ཞེ་དྲག་དགའ་པོ་བྱེད་ཀྱི་འདུག ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས་ཨང་། བཀྲིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།