༢༠༡༡ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པས་གདན་ཞུ་གནང་བ་ལྟར། ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་ཆེད་ཕེབས་ཀྱིས་ཁུལ་དེའི་སློབ་ཆེན་དང༌། སློབ་འབྲིང་གི་བོད་རིགས་སློབ་ཕྲུག་རྣམས་ལ་རྒྱ་མི་རིགས་དང་འབྲེལ་ལམ་བྱེད་ཕྱོགས་སྐོར་དུས་ཐུང་ཟབ་སྦྱོང་ཞིག་གནང་ཡོད།
ཟབ་སྦྱོང་གི་ཐོག་མར་བོད་རྒྱ་སློབ་ཕྲུག་དབར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་བའི་ལས་དོན་ཁུལ་དེར་འགན་ཁུར་ལེན་མཁན་བོད་རིགས་སློབ་ཕྲུག་ནོར་སྒྲོན་ལགས་དང༌། བསོད་ནམས་ལགས། བསྟན་འཛིན་ཀུན་གསལ་ལགས། བསྟན་འཛིན་ལུང་རིགས་ལགས། གཞན་ཕན་བཟང་པོ་ལགས། བསྟན་འཛིན་བདེ་སྐྱིད་ལགས་བཅས་ནས་རྒྱ་རིགས་སློབ་ཕྲུག་ལ་འབྲེལ་ལམ་བྱས་རིང་གི་སོ་སོའི་མྱོང་ཚོར་སྙིང་བསྡུས་གསུངས་རྗེས་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཟབ་སྦྱོང་དབུ་འཛུགས་གནང༌ཡོད།
དེ་ཡང་ཁོང་གིས་རྒྱ་རིགས་དང་འབྲེལ་ལམ་ཡར་རྒྱས་གཏོང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། འཕྲད་པའི་དཀའ་ངལ། དཀའ་ངལ་སེལ་བའི་ཐབས་ལམ། རྒྱ་རིགས་མང་ཚོགས་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ལས་དོན་གྱི་གལ་ཆེའི་རང་བཞིན་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་ཞིབ་ཕྲ་གནང་རྗེས་སློབ་ཕྲུག་ཚོས་བཏོན་པའི་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང༌ཡོད།
ཟབ་སྦྱོང་གྲུབ་མཚམས་དགོང་དྲོ་ས་གནས་མང་ཚོགས་ལ་བོད་ནང་གི་ད་ལྟའི་གནས་སྟངས་དང༌། རྒྱ་ཕྱོགས་ཀྱི་བསམ་བློ་གཏོང་སྟངས། ཕ་མས་ཕྲུ་གུའི་བོད་སྐད་དང་བོད་ཡིག་ལ་དོ་སྣང༌གནང་ཕྱོགས། སྤྱི་དོན་ཐོག་ཞར་དང་ཞོར་ལ་ཁུར་མཉམ་ལེན་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཞིང༌། མང་ཚོགས་ཀྱིས་བཏོན་པའི་དྲི་བར་ལན་འདེབས་གནང༌། སྐབས་དེར་ཚོགས་པའི་རྒྱུན་ལས་རྣམས་ཀྱང་ཕེབས་ཡོད། མཇུག་ཏུ་ས་གནས་ཚོགས་གཙོ་རྣམ་རྒྱལ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང༌ཡོད།
ཟབ་སྦྱོང་མ་ཚོགས་གོང་ཀུན་དགའ་བཀྲིས་ལགས་ཀྱིས་ས་གནས་སྤྱི་མཐུན་ཚོགས་པའི་རེས་གཟའ་སྤེན་པའི་བོད་ཡིག་འཛིན་གྲྭ་ཚུགས་བཞིན་ཡོད་པ་རྣམས་ལ་ལྟ་སྐོར་གནང་སྐབས་རྒན་དབང་རྒྱལ་ལགས་ཀྱིས་སློབ་གྲྭའི་གནས་སྟངས་ངོ་སྤྲོད་སྙིང་བསྡུས་ངོ་སྤྲོད་གནང༌། སྐབས་དེར་ཀུན་དགའ་བཀྲིས་ལགས་ཀྱིས་བོད་ཕྲུག་རྣམས་ཀྱིས་བོད་སྐད་དང་བོད་ཡིག་ཡག་པོ་ཤེས་དགོས་ན། སློབ་གྲྭའི་དགེ་རྒན་དང༌། དོ་བདག་ཕ་མ་གཉིས་ཀས་ངེས་པར་དུ་དུས་ཚོད་བཏང་སྟེ་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས། ཕྱི་ཚེས་ ༢༧ ཉིན་ཀུན་དགའ་བཀྲིས་ལགས་ཀྱིས་ས་གནས་དེར་གཏན་སྡོད་དོན་ཁང་དང་འབྲེལ་བ་ཡོད་པའི་རྒྱ་རིགས་གྲོགས་པོ་ཁག་གཅིག་དང་ཐུག་འཕྲད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནི་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༥ པར་༸གོང་ས་མཆོག་མི་ནི་སོ་ཊར་ཆིབས་སྒྱུར་བསྐྱངས་སྐབས་རྒྱ་རིགས་སློབ་ཕྲུག་དང་འབྲེལ་ལམ་བྱེད་མཁན་ཁུལ་དེའི་བོད་རིགས་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་རྩལ་ཏེ་རྒྱ་རིགས་ལ་འབྲེལ་ལམ་བྱེད་རྒྱུ་དེ་མུ་མཐུད་རྒྱུན་འཁྱོངས་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་བཞིན་ས་གནས་སྤྱི་མཐུན་ཚོགས་པ་དང༌། བོད་རིགས་སློབ་ཕྲུག་ཚོའི་མཇུག་སྐྱོང་བྱེད་བཞིན་པའི་ལས་དོན་ཞིག་ཡིན་ཞིང༌། ཟབ་སྦྱོང་ལ་མི་ནི་སོ་ཊར་སློབ་གྲྭ་ཆེན་མོ་སོགས་ཁུལ་དེའི་སློབ་འབྲིང་དང༌། སློབ་ཆེན་འདྲ་མིན་ནང་སློབ་སྦྱོང་བྱེད་མུས་ཡིན་པའི་བོད་རིགས་སློབ་ཕྲུག་ ༥༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་བཅས།།