༢༠༡༡ ཟླ་ ༡༢ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་ལྷན་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་སྨན་པ་བསོད་ནམས་དོན་གྲུབ་ལགས་སིམ་ལར་གནས་འཁོད་ཧི་མ་ཅལ་མངའ་གཞུང་གི་(Dr. Ali Rizve ) མཆོག་དང་མངའ་གཞུང་གི་སྨན་གྱི་མཐོ་སློབ་(IGMC)སློབ་སྤྱི་(Dr. S. S. Kaushal)ཀུ་ཤལ་ལགས། མངའ་སྡེའི་སྨན་སློབ་སྤྱི་ཁྱབ་ལྷན་ཁང་གི་འགན་འཛིན་སྨན་པ་(Dr. J. Shree Sharma)ཤར་མ་ལགས། མངའ་གཞུང་གི་མཐོ་སློབ་རྒྱུགས་གཞི་ལྟ་རྟོག་པ་ན་རེན་ཌར་(Himachal University Controller of Examination Dr.Narendra Awasthi)ལགས། དེ་བཞིན་གོང་གསལ་སིམ་ལ་སྨན་སློབ་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་སོགས་དང་ཐུག་འཕྲད་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ །༣༠ པའི་ཐོག་བཀའ་བློན་མཆོག་གིས་མངའ་གཞུང་གི་སྨན་གྱི་མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་པའི་རང་རིགས་སྨན་སློབ་རྣམས་དང་ཐུག་འཕྲད་ཀྱིས་རང་རེའི་སྤྱི་ཚོགས་ནང་སྨན་པ་ཉུང་དྲགས་པའི་དཀའ་ངལ་དང་། དེ་བཞིན་སློབ་མཐར་སོན་མཚམས་སྨན་པ་ཚོས་ཉུང་མཐར་ལོ་གཉིས་སམ་ཡང་ན་གསུམ་རིང་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུས་དགོས་པའི་གསུང་བཤད་གནང་ཡོད། དེ་ནས་སིམ་ལ་གཏན་སློབ་ཏུ་འཚམས་གཟིགས་སུ་ཕེབས་ཏེ་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཚང་འཛོམས་ཐོག་(Rector)སློབ་གྲྭའི་སློབ་སྤྱིས་སློབ་གྲྭའི་ལས་བསྡོམས་སྒྲོགས་སྦྱང་ཞུསཡོད། དེ་རྗེས་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་སྲིད་བྱུས་ཁག་ངོ་སྤྲོད་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱི་བྱེད་སྒོ་རྣམ་གཞག དེ་བཞིན་སློབ་ཕྲུག་ཚོས་ཤེས་ཡོན་དང་འཕྲོད་བསྟེན་གཉིས་ཀར་དོ་སྣང་སྤྲོད་རྒྱུ་ཤིན་ཏུ་གལ་ཆེ་ཡིན་སྐོར་ལམ་སྟོན་གསུང་བཤད་གནང་ཡོད་པ་བཅས། །
འཕྲོད་བསྟེན་བཀའ་བློན་མཆོག་གིས་སིམ་ལ་སྨན་སློབ་ཀྱི་སློབ་ཕྲུག་ཚོར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།