༢༠༡༡ ཟླ་ ༡༢ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༩ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དམིགས་བསལ་ལྷན་ཚོགས་སུ་གསུང་བཤད་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པས་ཆོད་སེམས་བརྟན་པོས་བོད་མི་ཚོའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུས་ཡོད་པ་མ་ཟད། བོད་ཀྱི་གནད་དོན་སེལ་ཆེད་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་དེར་བཀའ་ཁྲི་མཆོག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་ཐོག་ལངས་ཕྱོགས་བརྟན་པོ་བཟུང་རྒྱུ་ཡིན་སྐོར་བསྐྱར་ནན་བྱས་ཡོད། ཕྱོགས་མཚུངས་ཉེ་ལམ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནད་དོན་དང། དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ནང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་རྗེས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་འཕོ་འགྱུར་བྱུང་ཚུལ་སོགས་ངོ་སྤྲོད་ཞིབ་ཕྲ་གནང་ཡོད། དེ་བཞིན་བཀའ་ཁྲི་མཆོག་གིས་འཚེ་མེད་ཞི་བའི་ལངས་ཕྱོགས་བཟུང་སྟེ་རང་དབང་དང་མང་གཙོའི་ཆེད་འཐབ་རྩོད་བྱེད་མཁན་ཚོར་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་རྒྱལ་སྤྱིའི་ཚོགས་པས་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེ་ཆགས་ཡོད་པ་དང། དེ་ལྟར་གནང་ཚེ་གཅིག་བསྡུས་དབང་འཛིན་པ་ཚོར་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་རྒྱུ་ཡིན་སྐོར་བརྗོད་ཡོད། བཀའ་ཁྲི་མཆོག་གིས་སྐབས་དེར་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌེ་ནི་ཡལ་(Daniel Cohn-Bendit)མཆོག་དང་མཇལ་འཕྲད་གནང་ཡོད།
དེ་ཉིན་སྔ་དྲོ་བཀའ་ཁྲི་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཁག་མི་འདྲ་བ་ཡོད་པ་རྣམས་ཀྱི་འགན་འཛིན་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ལྷན་ཚོགས་ཤིག་ཏུ་ཕེབས་ཏེ་རང་སྐྱོང་ཚད་ལྡན་གྱི་གནས་བབ་ཐོག་གསུང་བཤད་གནང་ཡོད། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཐོ་མ་སི་མན་(Mr.Thomas Man)མཆོག་དང་། རྒྱ་ནག་རིག་པའི་མཁས་དབང། དེ་བཞིན་རང་སྲིད་རང་སྐྱོང་ཐོག་གི་མཁས་དབང་བཅས་ཕེབས་ཡོད་པ་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དང། གྲོས་ཚོགས་ཀྱི་འཐུས་མི། གཞུང་ཚབ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི། གསར་འགོད་པ་སོགས་ཁྱོན་མི་གྲངས་ ༣༠༠ བརྒལ་བས་མཉམ་ཞུགས་གནང་ཡོད།
ལྷན་ཚོགས་ཀྱི་ཐོག་མར་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་གསུང་བཤད་གནང་དོན།
ང་ཚོས་བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དེ་ཤེས་དགོས། ཕྱི་ལོ་ ༢༠༡༡ ཟླ་ ༤ ནང་གོ་མཚོན་ཐོགས་པའི་རྒྱ་མིའི་དྲག་ཆས་དམག་མིས་ཀིརྟི་དགོན་པ་མཐའ་སྐོར་ཏེ་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན། བོད་མི་དགེ་འདུན་པ་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་དམ་བསྒྲགས་དེར་ངོ་རྒོལ་བྱས་ཡོད། བོད་མི་ཚོས་ངོ་རྒོལ་བྱེད་སྟངས་དེ་ནི་འུ་ཐུག་གི་བྱ་སྤྱོད་དེ་ལས་ཁོང་ཚོར་གདམ་ཁ་གཞན་མེད་པ་གསལ་པོ་རེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། ཕྱི་ཚེས་ ༣༠ ཉིན་བཀའ་ཁྲི་མཆོག་དབྱིན་ཡུལ་དུ་ཕེབས་ཡོད་པ་བཅས།།
བཀའ་ཁྲི་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་དམིགས་བསལ་ལྷན་ཚོགས་སུ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།