༢༠༡༡ ཟླ་ ༡༢ ཚེས་་༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༨ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཡོལ་ཙམ་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། དྲུང་ཆེ་ལྷན་རྒྱས། དེ་བཞིན་ཀིར་གི་ཛི་སི་ཐན་གྱི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨོ་ལེག་ཚོ་ཨི་(Oleg Tsoi) ལགས། ཀིར་གི་ཛི་སི་ཐན་གྱི་གསར་འགོད་པ་ཨེ་མི་ར་(Aimira Urustemonova) ལགས་ཀྱང་བཅར་ཡོད་པ་ལྷན་བཞུགས་ཐོག་ཀིར་གི་ཛི་སི་ཐན་(kyrgyzstan)གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཛ་ཀ་ཏི་ཨཀ་མ་ཏོབ་ (Mr.Kazat Akmatov) ལགས་ཀྱིས་ཕྱི་ལོ་ ༢༠༠༧ ལོར་བརྩམས་པའི་ཨརྷཏ་(Arhat)དགྲ་བཅོམ་པ། ཞེས་པའི་དཔེ་དེབ་དབྱིན་སྐད་ཐོག་ཕབ་བསྒྱུར་གནང་བ་དེ་དབུ་འབྱེད་གནང་ཡོད།
དེ་ཡང་ཐོག་མར་ཕྱི་དྲིལ་དྲུང་འཕར་བཀྲ་ཤིས་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་བཅར་བའི་ཕྱི་ནང་གི་གསར་འགོད་པ་སོགས་ཁྱོན་མི་གྲངས་ ༥༠ བརྒལ་བར་དཔེ་དེབ་ཀྱི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་གྲུབ་མཚམས་ཕྱི་དྲིལ་བཀའ་བློན་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་བ་དང་ལྷན་ཕྱི་ དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།
འདི་གར་ཕེབས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་སྐུ་ཞབས་ཛ་ཀ་ཏི་ཨཀ་མ་ཏོབ་ལགས་དང། ་ཀིར་གི་ཛི་སི་ཐན་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨོ་ལེག་ཚོ་ཨི་ལགས། ཀིར་གི་ཛི་སི་ཐན་གྱི་གསར་འགོད་པ་ཨེ་མི་ར་ལགས་བཅས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོར་ཁྱེད་རང་གིས་དབྱིན་སྐད་ཐོག་ཕབ་བསྒྱུར་གནང་བའི་དཔེ་དེབ་དབུ་འབྱེད་མཛད་སྒོ་གོ་སྒྲིག་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཁྱེད་རང་གི་དཔེ་དེབ་འདི་བཞིན་བརྩམས་སྒྲུང་ཞིག་ཡིན་ནའང་་ཀིར་གི་ཛི་སི་ཐན་གྱི་མང་ཚོགས་ཁྲོད་བོད་ཀྱི་གནད་དོན་དང་རིག་གཞུང་སྐོར་ངོ་སྤྲོད་བྱ་རྒྱུའི་བརྒྱུད་ལམ་བཟང་པོ་ཞིག་ཆགས་ཡོད། ཀིར་གི་ཛི་སི་ཐན་གྱི་མི་མང་རྣམས་དེ་སྔ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་བརྟེན། ད་ལྟ་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་འོག་གནས་པའི་བོད་མི་རྣམས་ཀྱི་དཀའ་སྡུག་ དེ་དག་རང་བཞིན་གྱིས་མྱོང་ཚོར་ཐུབ་ཀྱི་ཡོད། ཀིར་གི་ཛི་སི་ཐན་གྱི་ནང་བཀའ་བརྒྱུད་དགོན་པ་ཞིག་ལས་བོད་རིགས་མཐུན་ཚོགས་དེ་འདྲ་འཛུགས་ཐུབ་མེད། འོན་ཀྱང་དེང་སྐབས་་ཀིར་གི་ཛི་སི་ཐན་གྱི་ཤེས་ཡོན་ཅན་མང་པོའི་ཁྲོད་བོད་ཀྱི་གནད་དོན་ཐོག་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེར་བརྟེན་ཁྱེད་རང་གི་དཔེ་དེབ་འདིས་ཀིར་གི་ཛི་སི་ཐན་གྱི་ཤེས་ཡོན་ཅན་རྣམས་ཀྱིས་བོད་དོན་ཐོག་དོ་སྣང་མུ་མཐུད་གནས་རྒྱུར་ཕན་རླབས་ཆེན་པོ་ཡོང་བའི་ཡིད་ ཆེས་ཡོད། ང་ཚོས་ཀིར་གི་ཛི་སི་ཐན་གྱི་སྐུ་ཚབ་གཞན་སུ་ཞིག་འདི་གར་ཕེབས་པ་དང་ཡང་ན་མོ་སི་ཁོར་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་ཁང་དུ་འབྲེལ་བ་གནང་བར་དགའ་བསུ་ཡོད། མཐའ་དོན་ང་ཚོར་ཉིད་ཀྱི་དཔེ་དེབ་དབུ་འབྱེད་མཛད་སྒོར་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་བསྟུན། དཔེ་དེབ་རྩོམ་པ་པོས་ཁོང་དང་ཀིར་གི་ཛི་སི་ཐན་མི་མང་གི་ཚབ་ཞུས་ཏེ་མཛད་སྒོར་བཅར་མཁན་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཁོང་གིས་རང་ཉིད་ཀྱི་ལོ་རྒྱུས་དང་དཔེ་དེབ་འདི་བརྩམས་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད། དེ་རྗེས་གསར་འགོད་པ་ཁག་གཅིག་གི་དྲི་བར་ལན་འདེབས་གནང་སྟེ་མཛད་སྒོ་གྲོལ།
རྩོམ་དེབ་དེའི་ནང་དོན་གཙོ་བོ་ ཨ་ཌི་ལེ་ཏི་(Adilet)ཞེས་པའི་ཕྲུ་གུ་ཆུང་ཆུང་ཞིག་གི་སྐོར་ཡིན་པ་དང་། ཕྲུ་གུ་དེས་ཕྱིས་སུ་རང་ཉིད་རྗེ་བཙུན་མི་ལ་རལ་པའི་ཡང་སྲིད་ཡིན་པ་ཤེས་རྟོགས་བྱུང་བའི་སྐོར་ལ་སྦྱར་ཏེ་བརྩམས་ཡོད། དཔེ་དེབ་ཀྱི་བརྗོད་བྱ་གཙོ་བོ་ནི། དེང་སྐབས་སྤྱི་ཚོགས་ནང་བཟང་སྤྱོད་དང་དཔལ་འབྱོར་གྱི་དཀའ་ངལ་དེ་དག་གི་རྒྱུ་རྐྱེན་གཙོ་བོ་འགྲོ་བ་མིའི་རིགས་ཀྱི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་ཁེངས་ དྲེགས་(Ego)ཀྱི་བསམ་པ་དེ་ཡིན་པ་དང་ཁེངས་དྲེགས་ཀྱི་བསམ་པ་དེས་མི་སྒེར་ཙམ་མ་ཟད། འགྲོ་བ་མི་རིགས་སྤྱི་ཡོངས་གོད་ཆག་དང་དཀའ་ངལ་གྱི་ཕུང་ལ་སྦྱོར་མཁན་ཡིན་པ་གསལ་སྟོན་གནང་ཡོད། དཔེ་དེབ་དེ་བཞིན་ཀིར་གི་ཛི་སི་ཐན་རྒྱལ་ནང་དང་རྒྱལ་སྤྱིའི་ནང་ཧ་ཅང་གྲགས་ཆེན་པོ་ཡིན་པ་མ་ཟད། ད་བར་རྒྱལ་སྤྱིའི་རུ་ཧ་ནི་ཡ་ཏི་(International Ruhaniat Prize)བྱ་དགའ་དང་ཀིར་གི་ཛི་སི་ཐན་གཞུང་གི་ཕྱི་ལོ་ ༢༠༠༩ ལོའི་དཔེ་དེབ་རྩེ་ཕུད་ཀྱི་བྱ་དགའ་སོགས་ཐོབ་མྱོང་ཡོད། དཔེ་དེབ་དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་ཀིར་གི་ཛི་སི་ཐན་དང་ཨུ་རུ་སུ། བྷུལ་གེ་རི་ཡ་སོགས་སྐད་ཡིག་གསུམ་གྱི་ནང་ཕབ་བསྒྱུར་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་ཕར་སི་དང་ཊར་ཀིའི་(Farsi & Turkish)སྐད་ཡིག་ནང་ཕབ་བསྒྱུར་སྒྲུབ་ཉེ་ཡོད་པ་དང། ཇར་མན་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་མུས་ཡིན་འདུག རྩོམ་པ་པོ་སྐུ་ཞབས་ཀ་ཛ་ཏི་ཨཀ་མ་ཏོབ་ལགས་ནི་ཕྱི་ལོ་ ༡༩༤༡ ལོར་འཁྲུངས་པ་དང། ཁོང་གིས་ཕྱི་ལོ་ ༡༩༧༨ ལོར་དེ་སྔ་ཨུ་རུ་སྤྱི་མཐུན་རྒྱལ་ཁབ་དམར་པོས་དབང་འཛིན་སྐབས་ཨར་ཐི་ཊ་ཡིམ་(Earth Time)ཞེས་པའི་དཔེ་དེབ་གཅིག་བྲིས་ཏེ་སྲིད་གཞུང་གི་བྱ་སྤྱོད་ངན་པར་སྐྱོན་བརྗོད་བྱས་པ་མ་ཟད། ཕྱི་ལོ་ ༡༩༨༣ ལོར་གསར་འཛུགས་ཀྱི་དགོང་མོ་(The Night of the Formation) ཞེས་པའི་རྩོམ་ལ་གཞི་བཅོལ་ཏེ་འཁྲབ་གཞུང་ཚན་པ་ཞིག་བརྩམས་པ་མ་ཟད། ཉི་མའི་མཐའ་འཁོར་གྱི་ལོ་(Years Around the Sun) ལ་སོགས་པའི་དམར་པོའི་སྲིད་ གཞུང་དང་ཨུ་རུ་སུ། དེ་བཞིན་སོ་ཝི་ཊི་(Soviet)སོགས་ལ་དངོས་སུ་སྐྱོན་བརྗོད་ཀྱི་དཔེ་དེབ་མང་དག་ཅིག་བརྩམས་ཡོད་པར་བརྟེན། དམར་ཤོག་ཚོགས་པས་ཁོང་ལ་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་དཀའ་ངལ་ཧ་ཅང་མྱངས་མྱོང་ཡོད་པ་བཅས།།