༢༠༡༡ ཟླ་ ༡༢ ཚེས་ ༢༦ རེས་གཟའ་ཟལ་།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༦ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་སྡོད་བོད་རིགས་ཚོགས་པ་དང་། ཐེ་ཝན་བོད་རྒྱ་མཐུན་ཚོགས་མཉམ་འབྲེལ་ཐོག་རྒྱ་ནག་གི་མང་གཙོའི་ལས་འགུལ་དང་མ་འོངས་པའི་བོད་ཅེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་ཕྱི་ཟླའི་ ༡༢ ཚེས་ ༢༤ ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་བསྐོང་ཚོགས་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཨ་རི་དང་། ཕ་རན་སི། རྒྱ་གར། ཧོང་ཀོང་། རྒྱ་ནག་སྐམ་ས་ཆེན་མོ། ཐེ་ཝན་སོགས་ནས་དགེ་རྒན་ཆེན་མོ་དང་། ཉམས་ཞིབ་པ། སློབ་ཕྲུག་སོགས་ཁྱོན་མི་གྲངས་བཞི་བཅུ་བརྒལ་བ་མཉམ་འཛོམས་གནང་ཡོད།
སྔ་དྲོ་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གནང་བའི་གསུང་འཕྲིན་སྒྲོག་སྦྱངས་དང་། ཉིན་གཅིག་གི་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་ཁོངས་སུ་མཐོ་སློབ་སློབ་གཉེར་ཁང་གི་སློབ་སྤྱི་དང་། སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་མི་གྲངས་བརྒྱད་ཙམ་ཡོད་པ་མ་ཟད། ཨ་རི་དང་ཕ་རན་སིའི་ཞིབ་འཇུག་པ། ཐེ་ཝན་རིག་མཛོད་རྒྱལ་སྤྱིའི་ལས་དོན་སྐོར་གྱི་འགན་འཛིན། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་དང་ཧོང་ཀོང་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་མི། དོན་ཁང་གི་དོན་གཅོད་དང་དྲུང་ཆེ། ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་གྱི་ལས་བྱེད་སངས་རྒྱས་སྐྱབས། ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཞོན་སོགས་ཀྱིས་རྒྱ་ནག་གི་མང་གཙོ་དང་། བོད་ཀྱི་གནད་དོན་སྐོར་ལ་གསུང་བཤད་གནང་ཡོད། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྐབས་ཚོགས་ཞུགས་ཡོངས་ནས་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་ཞིང་། ལྷག་དོན་དུ་ཐེ་ཝན་ནང་སློབ་སྦྱོང་བྱེད་བཞིན་ཡོད་པའི་རྒྱ་ནག་གི་སློབ་མ་གཅིག་ནས་དུས་རྒྱུན་རྒྱ་ནག་གཞུང་འབྲེལ་གྱི་བཤད་སྟངས་དང་ནང་དོན་ཐོག་ནས་ཚིག་རྩུབ་ཀྱི་འདྲི་བ་མང་པོ་བཏོན་པར་ཚོགས་བཅར་ཁོངས་ནས་ཞི་འཇམ་གྱི་ལན་འདེབས་གསལ་བཤད་དང་། གསོལ་ཇའི་བར་གསེང་སྐབས་ཐེ་སྡོད་བོད་མི་རྣམས་ཀྱིས་ཁོང་ལ་འཆམ་མཐུན་གྱི་ལྟ་བ་བརྗེ་རེས་བྱས་པ་བརྒྱུད། བགྲོ་གླེང་ཚོགས་འདུ་གྲུབ་རྗེས་དགོང་དྲོ་མཉམ་དུ་གསོལ་ཚིགས་སྐབས་སློབ་མ་དེར་སེམས་འགུལ་ཐེབས་ཏེ་བོད་མི་ལ་འཐམ་སྟེ་མིག་ནས་འཆི་མ་ལྷུང་བ་སོགས་བྱུང་ཡོད། ཚོགས་བཅར་བ་ཡོངས་ལ་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཡག་པོ་བྱུང་བའི་འཚོ་སྣང་གཅིག་མཚུངས་བྱུང་ཡོད་པ་དང་། དེ་ཉིན་ཐེ་ཝན་བོད་རྒྱ་མཐུན་ཚོགས་དབུ་བརྙེས་པའི་ཚོགས་ཆེན་ཡང་བསྐོང་ཚོགས་གནང་བ་མ་ཟད། ཚོགས་མི་ནང་ཁུལ་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་སོགས་ཀྱང་གཏན་འཁེལ་བྱུང་བ་བཅས།
ཐེ་ཝན་ནང་རྒྱ་ནག་གི་མང་གཙོའི་ལས་འགུལ་དང་མ་འོངས་པའི་བོད་ཅེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་བ།
གསར་གནས།
འབྲེལ་གནས།