༢༠༡༡ ཟླ་ ༡༢ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཀེམ་བྷོ་ཌི་ཡའི་གྲོས་ཚོགས་འཐུས་མི་སོན་ཆ་ཡེ་(Son Chhay)མཆོག་དང་སྐུ་ཞབས་ཅི་ཡམ་ཆ་ནེ་(Cheam Channy)མཆོག སྐུ་ཞབས་ཡོན་ཐ་རོ།(Yont Tharo)མཆོག་བཅས་གསུམ་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་ད་ཆ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་བསྟུད་མར་ངོ་རྒོལ་བྱེད་དགོས་བྱུང་བར་བརྟེན། དམ་བསྒྲགས་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་ཐོག་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པའི་ཞུ་སྙན་ནང་འཁོད་དོན། ཉེ་ལམ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་ཚོར་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་འཕྲལ་དུ་མཚམ་འཇོག་དགོས་པའི་རེ་འདུན་བཏོན་པ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རང་ལོ་ ༣༥ སོན་པ་ནང་པའི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་ཕྱིན་པ་དེ་ནི་འདི་ལོའི་ཕྱི་ཟླ་ ༣ ནས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་བཅུ་གཅིག་པ་དེ་ཆགས་ཡོད། རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་ནི་དེ་སྔ་བོད་མི་ཚོའི་ཁྲོད་བྱུང་མྱོང་མེད་པའི་འུ་ཐུག་གི་ཐབས་ལམ་ཞིག་ང་ཚོའི་མིག་མདུན་དུ་མཐོང་བཞིན་ཡོད། ལོ་ངོ་བཅུ་ཕྲག་རིང་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་འོག་དུས་རྟག་ཏུ་དཀའ་སྡུག་དང་གཉའ་གནོན། འཇིགས་སྣང། དྲག་རྩུབ་སོགས་ཀྱིས་འོག་དཀའ་སྡུག་ཚད་མེད་མྱངས་པའི་ཁར། ད་དུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་དགོས་ཐུག་པ་དེར་ང་ཚོས་བསམ་ཤེས་ཐུབ་པ་ཞིག་ཡིན། བོད་མི་ཚོས་རང་ཉིད་ལ་ཡུལ་ཁྲིམས་ཀྱིས་སྲུང་སྐྱོབས་བྱེད་མི་ཐུབ་པ་དང་བཙོན་དུ་ལུས་ཚེ་མནར་གཅོད་ཚད་མེད་མྱོང་དགོས་པར་བརྟེན་ད་ཆ་ཁོང་ཚོས་རང་ལུས་མེར་སྲེག་གཏོང་རྒྱུ་དེ་བདམས་པ་རེད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རང་ལུས་མེར་སྲེག་བཏང་བའི་བྱ་སྤྱོད་དེ་ཧ་ཅང་འ་ཆད་འུ་ཐུག་ཆགས་པའི་གནས་སྟངས་ཡིན་སྐོར་བཀའ་སྩལ་ཡོད།
ཉེ་ལམ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་རང་ལུས་མེར་སྲེག་བཏང་བ་དེར་སྐྱོན་བརྗོད་བྱས་པ་མ་ཟད། བྱ་སྤྱོད་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བརྒྱུད་སྐུལ་བྱེད་ཀྱི་ཡོད་པའི་སྙོན་འཛུགས་བྱས་ཡོད། རྒྱ་ནག་དཔོན་རིགས་ཚོས་འདས་པའི་བྱེད་ཕྱོགས་དང་སྲིད་བྱུས་ནོར་འཁྲུལ་བྱུང་བ་དེར་བསམ་ཞིབ་བྱ་རྒྱུའི་ཚབ་ཏུ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད་བྱེད་བཞིན་ཡོད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་དཔར་སྒྲིག་གཤོམ་དང་ཁོང་ལ་སྨོན་ལམ་རྒྱག་རྒྱུ། ཁོང་གི་སྐུ་དཔར་ཚེ་སྲུང་བཟོས་ཏེ་འདོགས་རྒྱུ། ཁོང་གི་ཞལ་འདོན་གསུང་པའི་སྒྲ་ལག་ཐོག་ཁ་པར་གྱི་འབོད་སྒྲར་བེད་སྤྱོད་བྱས་པ་སོགས་ནི་རྒྱ་ནག་ནང་ཉེས་ཅན་པར་ངོས་འཛིན་བྱེད་བཞིན་ཡོད། དེ་ལྟར་ནའང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་མཛད་བཞིན་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ལ་རྒྱ་ནག་གཞུང་ཕྱོགས་ནས་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། བོད་མི་ཚོར་དམ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་ད་བར་རྒྱ་ནག་ནང་གྲངས་ཉུང་མི་རིགས་གཞན་སུ་ལའང་མེད་པའི་བོད་མི་ཚོར་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཆ་རྐྱེན་སྤྲད་ཡོད་སྐོར་བརྗོད་པ་དེ་ཁ་དན་ཚིག་ལ་གནས་པ་ཞིག་ཡིན་ཚེ། གྲོས་མཐུན་ནང་གསལ་བའི་དོན་ཚན་དེ་དག་ལག་བསྟར་བྱ་རྒྱུ་མ་ཟད། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་ཐོག་ནས་ཁོང་དང་གྲོས་མོལ་བྱེད་དགོས་པ་ལས། དེ་ལས་ལྡོག་སྟེ་བོད་ནང་རྒྱ་མིའི་ལས་བྱེད་པ་ཚོས་བོད་མི་ལོ་ ༡༨ མན་ཆད་རྣམས་གཞུང་གི་སློབ་གྲྭར་འཇུག་དགོས་པ་དང་། གལ་ཏེ་ནང་མི་སུ་འདྲ་ཞིག་གིས་རང་ལོ་ ༡༨ མན་ཆད་ཀྱི་ཕྲུ་གུ་གཞུང་གི་སློབ་གྲྭར་མ་བཏང་བར་དགོན་པར་ཆོས་བཞུགས་བྱས་པའམ། ཡང་ན་དགོན་པའི་ནང་ཆོས་ཀྱི་སློབ་སྦྱོང་ཆེད་བཏང་ཚེ་ཕྲུ་གུ་རེར་ཉེས་ཆད་རྒྱ་སྒོར་ ༣༠༠༠ སྤྲད་དགོས་པའི་ཁྲིམས་དེ་ད་ཆ་འབད་བརྩོན་འཕར་མའི་ཐོག་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་ཀྱི་འདུག ཉེས་ཆད་དེ་ནི་གྲོང་གསེབ་པ་ཞིག་གི་ཡོང་འབབ་ལ་གཞིགས་ཚེ་ཧ་ཅང་ཚད་མཐོན་པོ་ཆགས་ཡོད། བོད་མིའི་བློ་བསྒྱུར་མི་ཐུབ་པ་དེ་རྒྱ་མིས་ཤེས་དགོས། ད་ཆ་བོད་མིའི་འགོ་ཁྲིད་ཚོས་རྒྱ་ནག་དང་ལྷན་གྲོས་མོལ་རྒྱུན་ཁྱོང་ཇི་འདྲ་བྱེད་ཡོངས་བསམ་པའི་བོད་མི་ཚོར་ཡི་ཆེས་རླག་རྒྱུའི་ཉན་ཁ་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་གིས་དམ་བསྒྲགས་འཕྲལ་དུ་མཚམ་འཇོག་བྱས་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ལྷན་དོན་དམ་གྱི་གྲོས་མོལ་ཡོང་རྒྱུའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གནས་ཚུལ་གང་བྱུང་བ་དེར་དོ་སྣང་སྤྲོད་དགོས། གང་ཡིན་བརྗོད་ན་བོད་མི་ཚོས་རང་གི་དཀའ་ངལ་ལ་རྒྱལ་སྤྱི་ནས་དོ་སྣང་བསླེབས་ཆེད་འུ་ཐུག་གི་བྱ་སྤྱོད་སྤེལ་བཞིན་ཡོད། དམ་བསྒྲགས་མུ་མཐུད་བྱས་པ་དེས་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་རེད། ཕྱི་ལོ་ ༢༠༡༢ ལོའི་ལོ་གསར་འཆར་ལ་ཉེ་བ་ཡིན་། དེར་བརྟེན་ལོ་གསར་པའི་གོ་སྐབས་བཟུང་ནས་ང་ཚོས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་གྱི་སྒོ་མོ་གསར་པ་ཞིག་འབྱེད་རྒྱུར་བློ་སྤོབས་བསྐྲུན་རྒྱུའི་གོ་སྐབས་གསར་པ་ཞིག་ཆགས་ཡོད། ཅེས་ཁོད་འདུག་པ་བཅས།
ཀེམ་བྷོ་ཌི་ཡའི་གྲོས་ཚོགས་འཐུས་མི་གསུམ་ནས་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་བསྒྲགས་ཀྱི་སྲིད་བྱུས་འཕྲལ་དུ་མཚམ་འཇོག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པ།
གསར་གནས།
འབྲེལ་གནས།