༢༠༡༡ ཟླ་ ༡༢་ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ་ལྡི་ལིར་ཚོགས་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་མཇུག་བསྡོམས་མཛད་སྒོར་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་རྒྱ་གར་ནུབ་བེང་གལ་མངའ་སྡེའི་རྒྱལ་ས་ཀོལ་ཀ་ཏར་ཆིབས་སྒྱུར་གྱིས་ཨ་མ་ཊེ་རེ་ས་འཁྲུངས་ཏེ་ལོ་བརྒྱ་འཁོར་བའི་མཛད་སྒོར་དབུ་ཞུགས་མཛད་ཡོད་པ་མ་ཟད། ཀོལ་ཀ་ཏར་རྟེན་གཞི་བྱས་པའི་(Indian Institute of Management) ཞེས་པའི་གཙུག་ལག་སློབ་ཁང་དུ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ནས་སླར་ཡང་ལྡི་ལིར་ཕྱི་ཚེས་ ༢ དང་ ༣ བཅས་ཉིན་གྲངས་གཉིས་རིང་ལྡི་ལིར་རྟེན་གཞི་བྱས་པའི་ཌེ་ཡ་ཝ་ཊི་མོ་ཌི་སྒྱུ་རྩལ་དང་ཤེས་ཡོན་ཐེབས་རྩའི་༸གོང་ས་མཆོག་ལ་ཌེ་ཡ་ཝ་ཊི་མོ་ཌིའི་གཟེངས་རྟགས་འབུལ་ལམ་ཞུས་པའི་མཛད་སྒོར་དབུ་ཞུགས་ཐོག་དེར་འདུས་མང་ཚོགས་ལ་བཀའ་སློབ་ཟབ་མོ་སྩལ་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་(Shiksha Kendra) ཞེས་པའི་ཉམ་ཐག་སློབ་ཕྲུག་རྣམས་ཀྱི་སློབ་གྲྭར་ཆིབས་སྒྱུར་གྱིས་སློབ་མ་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་ཡོད་པ་མ་ཟད། (Penguin) པར་བསྐྲུན་ཁང་གི་ལོ་འཁོར་གཏམ་བཤད་ཀྱི་ལས་རིམ་ཐོག་༸གོང་ས་མཆོག་གིས་བདེ་སྐྱིད་ཀྱི་རྩ་བ་(Art of Happiness)ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། ཕྱི་ཚེས་ ༤ ཉིན་མགོན་པོ་གང་ཉིད་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་ཆིབས་སྒྱུར་གྱིས་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་རྩོད་རྒྱུགས་ལ་ཐུགས་ཞིབ་དང། ཕྱི་ཚེས་ ༥ དང་ ༦ བཅས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔའི་ཆོས་འབྲེལ་མཛད། ཕྱི་ཚེས་ ༧ ཉིན་ཧོན་སུར་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དེ་ཉིན་མགོན་པོ་གང་ཉིད་མཆོག་གིས་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་དབུ་འབྱེད་མཛད་ཡོད་པ་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་བསྟུན། ཕྱི་ཚེས་ ༡༠ དང་ ༡༣ བར་ཉིན་གྲངས་བཞི་རིང་༸གོང་ས་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཆིབས་སྒྱུར་གྱིས་དེ་གའི་སྲིད་འཛིན་ཟུར་པ་(Vaclav Havel) མཆོག་མཇལ་འཕྲད་དང། དེ་བཞིན་གསར་འགོད་པའི་ཆེད་དོན་དྲི་བར་བཀའ་ལན་མཛད་ཡོད་པ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་(Mr.Karl Schwarzenberg)མཆོག་མཇལ་འཕྲད་མཛད། གཞན་ཡང་ཚོང་དོན་མི་སྣ་དང་ཁྱད་ལས་པ་རྣམས་ལབཀའ་སློབ་སོགས་ཁུལ་དེའི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་རྒྱ་གར་ལ་ཆིབས་ཞལ་བསྒྱུར།
ཕྱི་ཟླ་ ༡༢ ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་༸གོང་ས་མཆོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་འཁོད་སྐབས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཔེལ་རྒྱས་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་དང། བཀའ་བློན་རྣམ་པ། དེ་བཞིན་གཞུང་ལམ་གཡས་གཡོན་དུ་དད་ལྡན་མི་མང་བརྒྱ་ཕྲག་མང་པོས་དྲི་སངས་གདུག་སྤོས་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།
༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།