༢༠༡༡ ཟླ་ ༡༢་ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་(Forum 2000 Foundation)ཞེས་པའི་ཚོགས་པས་གོ་སྒྲིག་ཐོག་ཨེ་ཤི་ཡའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་དབུ་བཞུགས་མཛད་དེ་བཀའ་སློབ་སྩལ་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༡ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་མཁས་དབང་དང་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་ལྷན་འཛོམས་བྱུང་བའི་དབུས་སུ་མགོན་པོ་གང་ཉིད་མཆོག་གིས་ཨེ་ཤི་ཡའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལབ་ཧ་ཝེལ་ (Vaclav Havel) མཆོག་གིས་དབུས་ཚོགས་འདུ་གོ་སྒྲིག་གནང་མཁན་དང་ཚོགས་འདུར་ཕེབས་པའི་གྲོགས་པོ་ཕོ་མོ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་ཚང་མ་གོ་ལ་འདིའི་ནང་སྐྱེས་ནས་འཚར་ལོངས་བ་ཞིག་ཡིན་པ་མ་ཟད།
གོ་ལའི་བདག་པོ་ཡང་ང་ཚོ་རེད། དེར་བརྟེན་གོ་ལ་འདིའི་ནང་བྱུང་བའི་དཀའ་ངལ་རྣམས་གོ་ལ་འདིའི་ནང་གནས་པའི་ང་ཚོ་འགྲོ་བ་མི་ཡོངས་ནས་སེལ་དགོས་པ་ལས་གཞན་ནས་རོགས་རམ་ཡོང་ཐབས་མེད། དེ་བཞིན་ལྷན་ཚོགས་འདིའི་བརྗོད་གཞི་གཙོ་བོ་ཨེ་ཤི་ཡའི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་སྐོར་རེད། འཛམ་གླིང་འདིའི་ནང་གི་མི་འབོར་ཆེ་ཤོས་རྒྱ་གར་ལྟ་བུར་ཆ་མཚོན་ན། འཛམ་གླིང་འདིའི་སྟེང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་ཞི་བདེའི་བསྟི་གནས་རེད། འོན་ཀྱང་ལྐོག་ཟ་རུལ་སུངས་ཀྱིས་མཚོན་ལས་དོན་ཁག་གཅིག་ཐོག་ཞན་ཆ་ཡོད། དེ་བཞིན་ཉི་ཧོང་ལྟ་བུར་མཚོན་ན། སྨྲ་བརྗོད་དང་གསར་འགོད་རང་དབང་སོགས་གང་ཅིའི་ཐོག་ནས་ཀྱང་ཡག་ཐག་ཆོད་རེད། སྤྱིར་བཏང་ལྐོག་ཟ་རུལ་སུངས་བཀག་འགོག་དང་མང་གཙོ་དར་སྤེལ། འགྲོོ་བ་མིའི་ཐོབ་ཐང་དར་སྤེལ་གཏོང་རྒྱུའི་འོས་འགན་ང་ཚོ་ཚང་མར་ཡོད་པར་བརྟེན། ཚང་མས་དེའི་ཐོག་གོམ་སྟབས་སྤོ་རྒྱུ་དང་དར་སྤེལ་གཏོང་རྒྱུར་བསམ་བློ་གཏོང་དགོས།
དེ་མིན་འཛམ་གླིང་འདིའི་ནང་མི་འབོར་ཆེ་ཤོས་རྒྱ་ནག་ལ་མཚོན་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ནས་རྒྱ་ནག་དར་རྒྱས་དང་མང་གཙོ་གལ་ཆེ་ཡིན་སྐོར་གསུངས་ཡོད་ཀྱང་དོན་དམ་མུ་མཐུད་གཅིག་སྡུད་རིང་ལུགས་ཁོ་ནའི་ཕྱོགས་སུ་བསྐྱོད་ཀྱི་འདུག དེ་བཞིན་རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཀྱིས་མཚོན་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད། དཀའ་ངལ་དེ་དག་སེལ་ཐབས་ཐད་འདི་གར་ཕེབས་པའི་མཁས་དབང་རྣམས་ཀྱིས་བསམ་བློ་གཏོང་དགོས། གང་ལྟར་འཛམ་གླིང་འདིའི་ནང་གི་དཀའ་ངལ་རྣམས་འཛམ་གླིང་འདིའི་ནང་སྡོད་མཁན་གྱི་འགྲོ་བ་མི་ཡོངས་ཀྱིས་སེལ་ཐབས་བྱེད་དགོས་པ་མ་ཟད། འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་ཚང་མས་བསམ་བློ་གཏོང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།