༢༠༡༡ ཟླ་ ༡༢་ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༩ ནས་ ༢༡ བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་གཙོ་བོ་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་དང་། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད།
དེ་ཡང་ཚེས་ཕྱི་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཁལ་མུཀ་ནང་པའི་གཙོ་འཛིན་ཏེ་ལོ་རིན་པོ་ཆེ་མཆོག་གིས་དབུས་ཡེ་ཤེས་བློ་གྲོས་རིན་པོ་ཆེ་མཆོག་དང་། སྦྱིན་བདག་རྣམ་པའི་སྐུ་ཚབ་བཅས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་ ༡༥༠༠ གཙོ་བོར་གྱུར་པའི་བོད་དང་། འཛམ་གླིང་ཡུལ་གྲུ་ཁག་ ༦༠ ནས་མི་གྲངས་ ༡༠༠༠ ལྷག དེ་བཞིན་རང་རིགས་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༦༥༠༠ བརྒལ་བ་རྣམས་ལ་ཐོག་མར་ནང་ཆོས་ངོ་སྤྲོད་དང་སྦྲགས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆོས་འབྲེལ་བྱ་རྒྱུའི་ཆེད་དུ་བྱས་པའི་གདུལ་བྱ་གཙོ་བོ་ཨུ་རུ་སུའི་ཁོངས་ཀྱི་ཕ་མེས་ནས་ནང་པ་ཡིན་མཁན་དང་ནང་པའི་ནང་ནས་བོད་ཀྱི་ནང་ཆོས་བྱེད་མཁན་བྷུར་ཡ། ཁལ་མུཀ ཐུ་ཝ། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཡུལ་གྲུ་དེ་དག་ནས་བོད་གངས་ཅན་ལྗོངས་ལ་སློབ་གཉེར་བ་ཡོང་སྟེ་སློབ་གཉེར་བྱས་ནས་མཁས་པ་རྩེར་སོན་པ་དེ་འདྲ་མང་པོ་ཞིག་བྱུང་ཡོད། དེ་དག་གིས་བཞག་པའི་ཡིག་ཆ་དངོས་གནས་དྲང་གནས་ཀྱི་སྤུས་དག་པོ་དེ་འདྲ་མང་པོ་ཡོད། དེར་བརྟེན་ཨུ་རུ་སུའི་ཁོངས་ཀྱི་ཕ་མེས་ནས་བོད་ཀྱི་ནང་ཆོས་བྱེད་མཁན་གྱི་ཆོས་གྲོགས་ཚོ་དང་། ཨུ་རུ་སུའི་མི་རིགས་དཀར་པོའི་གྲས་ཁ་ཤས་འདི་གར་སླེབས་ཡོད་པ་རྣམས། དེ་བཞིན་མོ་སོ་ཀོ་དེ་དག་ནས་གང་ཙམ་ཞིག་སླེབས་འདུག ཁྱེད་རང་ཚོ་དེ་རིང་ཆོས་འབྲེལ་བྱ་རྒྱུའི་གདུལ་བྱ་གཙོ་ཆགས་ཡོད། དེ་བཞིན་དེ་རིང་འདིར་བོད་ནས་གསར་དུ་ཁྱེད་རང་ཚོ་མང་པོ་ཞིག་སླེབས་ཡོད་པ་ཡང་གདུལ་བྱ་གཙོ་བོ་ལྟ་བུ་ཡིན། གང་ལ་ཞེ་ན། ཁྱེད་རང་ཚོ་སྡོད་ས་རང་གི་ལུང་པར་བསྡད་ཡོད་ཀྱང་ རང་དབང་མེད་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལ་དད་པ་དང་དགའ་ཞེན་བྱས་ན། ཕྲན་བུ་མ་འགྲིག་ལྟ༌བུ་དང་གང་ལྟར་བོད་པ་ཞིག་གིས་རྒྱ་མིའི་ཞེན་ཁོག་བྱེད་དགོས་པ་ལྟ་བུ་ལས། བོད་ལ་རང་ཉིད་ཀྱིས་དགའ་ཞེན་བྱས་ན་ཕྲན་བུ་མི་འགྲིག་ལྟ༌བུ་ཞིག་སྐབས་རེ་ཡོང་བཞིན་འདུག དེ་ལྟ་བུའི་འོག་ལ་དངོས་གནས་བོད་གངས་ཅན་གྱི་ལྗོངས་སུ་ཕྱི་ལོ་ ༡༩༥༩ གོང་ལ་ཡིན་ན། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཆ་ཚང་ནང་དངོས་གནས་དྲང་གནས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་ཡོད་པ་དེ་དག་ཆ་ཚང་རྫོགས་ནས་རེ་ཟུང་ལྷག་ཡོད་པ་དེ་དག་ཀྱང་ཉེ་ཆར་རྫོགས་ནས་ཆོས་གཞན་ལ་འགྲེལ་བཤད་བརྒྱབ་ནས་ཤོད་ཐུབ་མཁན་ཕལ་ཆེར་དཀོན་པོ་ཆགས་འདུག ཡང་འགྲེལ་བཤད་བརྒྱབ་པར་ཕྱིན་ནའང་ས་ཁུལ་མང་ཆེ་བར་དམ་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱི་འདུག དེར་བརྟེན་དེ་རིང་རྒྱ་གར་ལ་འབྱོར་ནས་ནང་ཆོས་ཞེས་པ་དེ་ངོ་ཐོག་གང་འདྲ་ཞིག་ཡིན་པ་ཐོས་རྒྱུའི་གོ་སྐབས་ཤིག་ཐོབ་ཡོད། གོང་དུ་ངོས་རང་ཡར་ཡོང་སྐབས་གཤམ་དུ་གསར་འབྱོར་མང་པོ་ཞིག་འདུག་ལ་འདིའི་གཡས་གཡོན་ལ་གསར་འབྱོར་གང་ཙམ་ཞིག་འདུག ཁྱེད་རང་ཚོས་དེ་རིང་འདིར་གཟབ་ནན་ཐོག་ནས་ཉན་རོགས་ཟེར་རྒྱུ་ཡིན། སངས་རྒྱས་པའི་ཆོས་ཞེས་པ་དེ་དད་པ་དང་སྨོན་ལམ་རྒྱག་རྒྱུ་གཅིག་པུ་མ་རེད། སོ་སོ་རང་ཉིད་ཀྱི་སེམས་རྒྱུད་ལ་བསྒྱུར་བ་བཏང་བའི་ཐོག་ནས་མི་ཡ་རབས་བཟོ་རྒྱུ་ཞིག་དང་ཡ་རབས་སྤྱོད་བཟང་བྱས་ན། རང་ཉིད་ཡིན་རུང་སྐྱིད་པ་དང་རང་ཉིད་གང་དུ་ཡོད་སའི་ས་ཁུལ་དེར་ཡིན་རུང་བདེ་སྐྱིད་དང་བྱམས་བརྩེའི་འཚོ་བ་ཡོང་རྒྱུ་གཙོ་བོ་རེད། རིམ་བཞིན་རང་རྒྱུད་ཇེ་བཟང་ཇེ་བཟང་དུ་བཏང་ནས་མཐར་ད་ལྟ་སེམས་མི་ཤེས་པའི་གཞན་དབང་དུ་ཡོད་པ་དེ་ཤེས་བྱ་ཐམས་ཅད་ཤེས་པའི་བློ་ཞིག་ལ་འགྱུར་རྒྱུའི་སངས་རྒྱས་པའི་ཆོས་ཀྱི་དམིགས་ཡུལ་དེ་འདྲ་ཞིག་ཆགས་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ཞེས་པ་དེ་བསམ་བློ་བཏང་ནས་འགྲོ་རྒྱུ་ཞིག་རེད་མ་གཏོགས་སྨོན་ལམ་བརྒྱབ་པ་དང་དད་པ་བྱས་པ་གཅིག་པུས་འགྲིག་རྒྱུ་ཞིག་མིན། ཁྱེེད་རང་ཚོ་ཨུ་རུ་སུའི་ཆོས་གྲོགས་དང་བོད་ནས་གསར་དུ་འབྱོར་བ་ཁྱེད་རང་ཚོ་ཡིན་ནའང་འདྲ། ངོས་ཀྱིས་ཞེ་དྲག་ཤེས་ཀྱི་མེད་ཀྱང་ཕྲན་བུ་ཤེས་པའི་གནས་ཚུལ་དེ་དག་ཁྱེད་རང་ཚོར་འགྲེལ་བཤད་རྒྱག་སྐབས་གཟབ་ནན་ཐོག་ཉན་རོགས། དེ་དང་ཆབས་ཅིག་ནམ་རྒྱུན་རྡ་སར་གཉུག་མར་གནས་ནས་སྡོད་མཁན་གྱི་དགེ་འདུན་པ་དང་མི་སྐྱ་ཕོ་མོ་གང་ཙམ་ཞིག་ཡོད། ཁྱེད་རང་ཚོ་ངོས་ཀྱིས་ནང་ཆོས་འགྲེལ་བཤད་རྒྱག་རྒྱུ་དེ་ཚར་མང་པོ་ཐོས་མྱོང་བ་ཆགས་ཡོད། ཁ་ཤས་ཀྱིས་གཅིག་བྱས་ན་དེ་འཆར་ཅན་རེད་བསམ་པ་དེ་འདྲ་ཡོང་མདོག་ཁ་པོ་རེད། དངོས་གནས་བྱས་ན་འཆར་ཅན་རེད་བསམ་མཁན་དེ་ཚོར་སུ་གཅིག་གིས་ཁྲལ་སྐུལ་མཁན་མེད་པས་འདི་གར་ཡོང་དགོས་དོན་མེད། ཆོས་ཞེས་པ་དེ་ལོ་རྒྱུས་ཉན་པ་ལྟ་བུ་མིན། ལོ་རྒྱུས་ཉན་ན་ཐེངས་གཅིག་ཐོས་རྗེས་གཉིས་པ་གསུམ་པ་ཐོས་དགོས་རྒྱུ་མེད་པ་ལྟ་བུ་རེད། ཆོས་དེ་སེམས་ལ་བཟོ་བཅོས་རྒྱག་རྒྱུ་ཞིག་ཡིན་སྟབས། ཡང་ཡང་ཐོས་པ་དང་ཐོས་རིམ་བཞིན་སེམས་ལ་བརྟག་དཔྱད་བྱས་ནས་བསམ་བློ་བཏང་ན། སེམས་ལ་ཡར་རྒྱས་འགྲོ་རྒྱུ་དང་རིག་པ་གསར་པ་རྙེད་རྒྱུ། དེ་བཞིན་ངེས་པ་བརྟན་དུ་འགྲོ་རྒྱུའི་ཕན་ཐོགས་ཡོད། དེར་བརྟེན་ཁྱེད་རང་ཚོ་གཉུག་མར་གནས་པའི་མི་དང་དེ་བཞིན་དུ་ཡུལ་གྲུ་འདྲ་མིན་ནས་ནམ་རྒྱུན་འཆར་ཅན་ཕྲན་བུ་ཡོང་གི་ཡོད། ལྷག་པར་རྒྱ་རིགས་ཁ་ཤས་ཕལ་ཆེར་ཡོད་པ་འདྲ། དེ་བཞིན་ཉི་ཧོང་གི་མི་དེ་འདྲ་ཁ་ཤས་ཡོད་ས་རེད། དེ་མིན་ནམ་རྒྱུན་ཀོ་རི་ཡ་དང་ཝི་ཏི་ནམ་ནས་ནམ་རྒྱུན་འཆར་ཅན་ཡོང་རེད། ཁྱེད་རང་ཚོ་དེ་དག་ཕ་མེས་ནས་ནང་པའི་ཆོས་པ་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་ནང་པའི་ཆོས་གྲོགས་སུ་དང་སུ་ཡིན་རུང་ང་ཚོ་དུས་རབས་ཉེར་གཅིག་གི་ནང་པ་བྱེད་དགོས་ཞེས་ཤོད་བཞིན་ཡོད། དུས་རབས་ཉེར་གཅིག་གི་ནང་པ་ཞེས་པ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་རེད་དམ་ཞེས་ན། ནང་པའི་ཆོས་ཀྱི་འགྲོ་སྟངས་ཀྱི་གནད་འགག་དེ་དག་ཤེས་པ་བྱས་ཐོག་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བརྗོད་ན་ནང་པ་ཚད་ལྡན་ཞིག་ཆགས་ཀྱི་ཡོད། སངས་རྒྱས་དང་དགེ་འདུན་ཡག་པོ་ཤེས་པར་ཆོས་ལ་སྐྱབས་སུ་མཆི་ཞེས་པའི་ཆོས་དེ་ཡག་པོ་ཤེས་དགོས། དེ་ཤེས་པའི་ཐོག་ནས་འཕགས་པའི་དགེ་འདུན་ཞེས་པ་དེ་འདྲ་ཞིག་ཡིན་པ་རེད། དཀོན་མཆོག་གསུམ་དུ་ཕྱེ་བའི་དགེ་འདུན་དཀོན་མཆོག་ཅེས་བརྗོད་སྐབས་བསླབ་པའི་དགེ་འདུན་དཀོན་མཆོག་རེད། དེ་ནས་མི་བསླབ་བའི་དགེ་འདུན་སངས་རྒྱས་འཕགས་པ་དེ་འདྲ་ཞིག་རེད་བསམས་ཏེ་ཐུན་མོང་མ་ཡིན་པའི་ཁྱད་པར་དང་ཡོན་ཏན་དེ་དག་ཤེས་པའི་ཐོག་ནས་སྐྱབས་སུ་འགྲོ་བ་ཞིག་བྱུང་ན། དེ་ནས་དངོས་གནས་ཤེས་ནས་དད་པ་ཐོབ་པའི་སངས་རྒྱས་པ་ཚན་ཉིད་པ་ཞིག་བྱུང་བ་རེད། གཞན་དད་པ་འགྲོ་སའི་སྐྱབས་གནས་གསུམ་གང་འདྲ་ཞིག་ཡིན་པ་མ་ཤེས་ན་སྐྱབས་སུ་མཆི་ཞེས་བརྗོད་ཀྱང་དེ་འདྲ་ཞིག་རེད། འཛམ་གླིང་འདིའི་ཐོག་སྟོན་པ་དང་ཆོས་ལུགས་མང་པོ་ཞིག་ཡོད། ཆོས་ལུགས་དེ་དང་དེ་ཉམས་ལེན་བྱེད་མཁན་གྱི་སྐྱེས་བུ་ཚད་ལྡན་མང་པོ་ཡོད། དེ་ཚོ་དང་སྤྱི་འགྲེ་སྤྱི་མཚུངས་རེད་བསམས་པ་དྲན་ན། ནང་པའི་དམིགས་བསལ་གྱི་ཁྱད་ཆོས་ཟེར་ནའང་མི་འདུག ཐུན་མོང་མ་ཡིན་པའི་གནས་ཚུལ་ཡོད་པ་དེ་ཚོའི་གྲས་དེ་མ་ཤེས་པ་རེད། ཆོས་ལུགས་ཚང་མར་གུས་བཀུར་བྱེད་འོས་པ་རེད། ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་ཞེས་པ་དེ་དག་ནང་གསུང་གི་འདུག་པར་བརྟེན་མི་ལ་ཕན་གྱི་ཡོད་པས་ཧ་ཅང་ཡག་པོ་རེད། སངས་རྒྱས་པའི་ཆོས་ཀྱི་བྱམས་པ་དང་སྙིང་རྗེ། བཟོད་པ། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་ཞེས་པའི་གྲས་དེ་རྒྱུ་མཚན་རྟེན་ཅིང་འབྲེལ་བ་བྱུང་བ་ཞེས་པ་དེ་འདྲ་ཞིག་བཀོད་པ་དེ་ལ་རྟེན་རང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཞིག་ཡིན་སྟབས། སྡུག་བསྔལ་གྱི་རྒྱུ་ངོ་ཤེས་པའི་ཐོག་ནས་ཇེ་ཉུང་ཇེ་ཉུང་བཏང་ནས་མཐར་ཐུག་སྤོང་ཐུབ་རྒྱུ་དང་། བདེ་བའི་རྒྱུ་ཤེས་པའི་ཐོག་ནས་ཆུང་ངུ་ནས་གོང་འཕེལ་གཏང་ནས་འགྲོ་དགོས། གང་ལ་ཞེ་ན། རང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད། བདེ་སྐྱིད་ཅེས་པ་དེ་རྒྱུ་འབྲས་ཀྱི་རང་བཞིན་ཅན་ཞིག་རེད། རྒྱུ་དང་འབྲས་བུ་རྟེན་འབྱུང་གི་རང་བཞིན་ཅན་ཞིག་རེད། དེར་བརྟེན་འབྲས་བུ་བདེ་བ་ཐོབ་པ་དང་སྡུག་བསྔལ་སྤོང་རྒྱུ་ཞིག་ཡོང་རྒྱུར་དེའི་རྒྱུ་སེམས་དུལ་མ་དུལ་གཉིས་པོ་དེ་ཤེས་པ་བྱས་ནས་སེམས་དུལ་བའི་ཆ་དེ་གོང་འཕེལ་གཏོང་རྒྱུ་དང་། མ་དུལ་བའི་ཆ་དེ་ཉུང་དུ་གཏོང་རྒྱུ། དེ་ཡང་དུལ་བར་བྱེད་མཁན་དང་མ་དུལ་བར་བྱེད་མཁན་བློ་ག་རེ་ཡིན་པ་ཤེས་པའི་ཐོག་ནས་ཡར་རྒྱས་དང་འགྱུར་བ་གཏོང་རྒྱུ་ཞིག་རེད། དེར་བརྟེན་ཁྱེད་རང་ཚང་མས་ཐོས་བློ་ཙམ་གཅིག་པུ་མ་ཡིན་པར་དོན་དག་ཐོག་ཕྲན་བུ་བསམ་བློ་གཏོང་དགོས། ཆོས་འབྲེལ་ཚར་གཅིག་ཞུས་རྗེས་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལ་ཕྲན་བུ་ཡར་རྒྱས་གཏོང་རྒྱུ་ཞིག་དང་། ཤེས་བྱའི་རྣམ་གྲངས་བསམ་པ་ཙམ་མ་ཡིན་པར་སེམས་ལ་ཕྲན་བུ་ཡར་རྒྱས་འགྲོ་ཐུབ་རྒྱུའི་འབད་བརྩོན་བྱེད་དགོས་པ་དེ་ཁྱེད་རང་ཚང་མར་ཞུ་འདོད་བྱུང་། ཞེས་བཀའ་སློབ་སྩལ་རྗེས་བྷུར་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་སྟེ་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད། ཕྱི་ཚེས་ ༢༡ ཉིན་བདེ་མཆོག་གི་རྗེས་གནང་སྩལ་རྒྱུ་ཡིན་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།
གསར་གནས།
འབྲེལ་གནས།