༢༠༡༡ ཟླ་ ༡༢ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༧ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གི་གཙུག་ལག་ཁང་དུ་བོད་ནས་ཆེད་དུ་བཅར་བའི་དད་ལྡན་ཆོས་བ་ཞུ་རྣམས་ལ་ཟུར་མཇལ་དང་ལམ་སྟོན་བཀའ་སློབ་སྩལ་དོན། འདི་གར་བོད་ནས་ཆེད་མངགས་སླེབས་པ་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། གུང་ཁྲན་ཏང་གི་དབང་ཆ་ཡོངས་རྫོགས་ཟིན་ནས་བསྡད་ཡོད། བོད་པར་འཇམ་པོ་བྱས་ནས་རྔན་པ་དང་གོ་ས་སྤྲོད་རྒྱུ་སོགས་གང་ལྟར་འཇམ་རྩུབ་ཟུང་འབྲེལ་ཐོག་ནས་སློབ་གསོ་གཏོང་རྒྱུ་མང་དག་ཅིག་བྱེད་ཀྱི་ཡོད། འོན་ཀྱང་བོད་མི་ཚོའི་བསམ་བློ་རྩ་བ་ནས་བསྒྱུར་ཐུབ་མེད། གུང་ཁྲན་ཏང་ཡོན་ཡིན་པའི་ལས་བྱེད་གང་ཙམ་མཐོ་པོ་དེ་འདྲའི་སེམས་ནང་དུའང་གང་ལྟར་ང་བོད་པ་ཡིན་བསམས་པའི་བསམ་བློ་དེ་ཁྱེར་ནས་རྒྱ་མི་གུང་ཁྲན་གྱི་འདོད་པར་ཡོད་པ་བཞིན་ཡོང་གི་མེད། སྔོན་མ་ཁྲན་གུན་ཡན་ལྷ་སར་སླེབས་སྐབས་ཏང་གི་ཚོགས་འདུ་ཞིག་ཏུ་བོད་པའི་ནང་ཏང་མི་སྟོང་ཕྲག་དང་ཁྲི་ཕྲག་ཁ་ཤས་ཡོད། འོན་ཀྱང་བློས་འཁེལ་བའི་མི་གཉིས་མ་གཏོགས་མེད་ཅེས་བརྗོད་ཡོད། མི་གཉིས་པོ་དེ་ནི་རག་སྡིས་དང་རྒྱལ་མཚན་ནོར་བུ་རེད། ཁོ་གཉིས་ལ་ཡང་ཕལ་ཆེར་བློ་འཁེལ་གྱི་མེད་པ་ལྟ་བུ་རེད། ཕྱི་ལ་གུང་ཁྲན་ཏང་ཡོན་བྱས་ནས་བློ་གཅིག་སེམས་གཅིག་ལྟ་བུ་ཆགས་ཡོད། སེམས་གཏིང་ལ་བོད་པ་ཡིན་བསམས་པའི་འདུ་ཤེས་ཤིག་དང་དེའི་ཐོག་ནས་ག་རེ་བྱས་ཀྱང་ཆོས་དད་ཀྱི་བག་ཆགས་ཤིག་ཡོད། དེར་བརྟེན་བོད་པའི་ནང་ལ་མི་གཉིས་ཡོད་ཟེར་གྱི་ཡོད་ཀྱང་མི་གཉིས་པོར་ཡང་བློ་འཁེལ་ལ་མི་འཁེལ་བ་ལྟ་བུ་ཆགས་ཡོད་སྟབས་བློ་འཁེལ་བའི་མི་གཅིག་ཀྱང་མེད་པ་རེད། དེ་བཞིན་ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། བོད་གཞིས་ལུས་རྒྱ་ཆེའི་མི་མང་དང་བྱེས་ཀྱི་མི་མང་ལ་ཧ་ལས་པའི་སེམས་ཤུགས་ཡོད་པ་དེ་སུའི་བཀའ་དྲིན་རེད་ཅེ་ན་གུང་ཁྲན་ཏང་གི་བཀའ་དྲིན་རེད། གུང་ཁྲན་ཏང་གིས་བོད་པར་སྡུག་པོ་བཏང་སྟེ་བོད་པར་མཐོང་ཆུང་དང་བརྙས་བཅོས། དེ་བཞིན་དབང་ཡོད་ཤོད་སྐབས་བོད་པའི་སེམས་ཤུགས་བརྟན་དུ་འགྲོ་རྒྱུ་ཞིག་ཆགས་ཀྱི་འདུག བོད་པ་ནད་མ་ཁྱོགས་པ་ཞིག་དང་སེམས་ནང་ན་ཚ་ཡོང་རྒྱུ་རྒྱ་ནག་གཞུང་གིས་བཟོ་གི་འདུག མི་སུ་འདྲ་ཞིག་ཡིན་ཡང་ཉེས་རྡུང་དང་སྡུག་པོ་གཏོང་མཁན་དེར་དགའ་གི་མ་རེད་ལ་དུད་འགྲོ་ཡིན་རུང་དགའ་གི་མ་རེད། དེར་བརྟེན་བོད་པའི་མ་དགའ་བའི་རྣམ་འགྱུར་འཐོན་སྐབས་ཁ་བྲལ་བ་རེད་ཅེས་ཤོད་ཀྱི་འདུག ལྷག་པར་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་བསམ་བློ་གུ་དོག་པོ་དེ་ཚོའི་གྲས་ཀྱིས་བོད་མི་རིགས་ཀྱིས་མཚོན་ཤིང་བྱང་མི་རིགས་གྲས་དེ་དག་གིས་མི་རིགས་སོ་སོའི་སྐད་ཡིག་གིས་མཚོན་རྣམ་པ་ཟུར་གསལ་ཞིག་ཡོད་པ་དེ་བསྡད་ན་ཁ་བྲལ་འགྲོ་གི་རེད་བསམས་པའི་ཧ་ཅང་དངངས་སྐྲག་བྱེད་ཀྱི་འདུག ངོས་ཀྱིས་རྒྱ་མི་ཐུག་སྐབས་ནང་ཁུལ་བྱས་ནས་བརྗོད་ཀྱི་ཡོད། མངའ་སྡེ་སོ་སོའི་སྐད་དང་ཡི་གེ་མི་འདྲ་བ་ཡོད་ཀྱང་དེར་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་གང་ཡང་མེད། དཔེ་དེ་བཞིན་དུ། རྒྱ་ནག་ནང་ལ་ཆ་བཞག་ན། བོད་རིགས་དང་ཡུ་གུར་མི་རིགས་སོགས་སྐད་དང་གོམས་གཤིས་མི་འདྲ་བ་ཡོད་པ་དེ་དག་ལ་བྱམས་པོ་བྱོས་དང་ཁ་བྲལ་འགྲོ་གི་མ་རེད། དེར་དོགས་པ་བྱས་ནས་སྡུག་སྦྱོང་གཏང་ན་ཁ་བྲལ་འགྲོ་རྒྱུ་ཆགས་ཀྱི་རེད། དེ་ནས་དགོན་སྡེ་ཁག་དེ་དག་ལ་ངོས་ཀྱིས་སྔ་དྲོ་བརྗོད་པ་ལྟར་རེད། ཆོ་ག་བཏོན་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་ཞེས་པ་དེ་ཡོང་རྒྱུ་མེད། སངས་རྒྱས་ཀྱི་བསྟན་པ་འཛིན་ཞེས་པ་དེ་སངས་རྒྱས་ཀྱི་ཆོས་འདི་འདྲ་འདྲའི་ནང་ནས་མི་འདྲ་ཞིག་ཡོད་པ་དེར་སློབ་སྦྱོང་བྱས་ནས་ཤོད་རྒྱུ་ཡོད་པ་ཞིག་དང་ཤོད་རྒྱུ་ཡོད་པ་གཅིག་པུ་མ་ཡིན་པར་སློབ་སྦྱོང་བྱས་པ་དེ་སོ་སོའི་རྒྱུད་ཐོག་ལ་སྦྱར་ནས་འཕྲལ་རྟགས་ཞི་ཞིང་དུལ་བ་དང་སྒོམ་རྟགས་ཉོན་མོངས་ཆུང་བ་གསུང་བཞིན་ཡོད་པ་དེ་དག་ཚང་བ་ཞིག་དགོས། གང་ལྟར་རང་དབང་དང་མང་གཙོ་དོན་གཉེར་དེ་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད། གུང་ཁྲན་ཏང་གི་འགོ་ཁྲིད་དེ་དག་ཀྱང་ཧ་ཅང་ཁག་པོའི་ཐོག་བསྡད་ཡོད། དེར་བརྟེན་འགྱུར་བ་ཏན་ཏན་འགྲོ་གི་རེད། ཕྱོགས་གཅིག་ནས་ང་ཚོ་བོད་པ་ཧ་ལས་པའི་སེམས་ཤུགས་ཆེན་པོ་འདུག་པས་དེ་གཞི་རྩའམ་གཙོ་བོ་རེད། ཕར་ཕྱོགས་དེར་རྒྱ་ནག་ལ་ཆ་བཞག་ནའང་ཧ་ཅང་འགྱུར་བ་འགྲོ་བཞིན་ཡོད། དེར་བརྟེན་དུས་ཚོད་སྔ་ཕྱི་མ་གཏོགས་བཟང་ཕྱོགས་ཀྱི་འགྱུར་བ་ཏན་ཏན་འགྲོ་གི་རེད། ཁྱེད་རང་ཚང་མ་སེམས་ཤུགས་མ་ཆག་པ་བྱེད་དགོས་ཤེས་སོང་ངམ། དེ་བཞིན་སོ་སོ་བོད་པ་ཡིན་བསམ་པའི་སྤོབས་པ་ཞིག་དགོས། བདེན་པ་ང་ཚོར་ཡོད་བསམ་པ་བྱས་ཏེ་སེམས་ཤུགས་མ་ཆག་པ་བྱེད་དགོས། སེམས་ཤུགས་དང་སྙིང་སྟོབས་འཁྱེར་ནས་འཛིང་དགོས་རེད་ཅེས་བརྗོད་ཀྱི་མེད། ང་ཚོས་འཚེ་བའི་ལམ་དུ་རྩ་ནས་འགྲོ་རྒྱུ་མེད། ང་ཚོས་འཚེ་མེད་ཞི་བའི་ལམ་ལ་རྟེན་ནས་འགྲོ་དགོས། གཙོ་བོ་འཚེ་མེད་ཞི་བའི་ལམ་ལ་རྟེན་ནས་བདེན་པ་བདེན་སར་འཁྱོལ་བ་བྱ་རྒྱུར་ཤེས་ཡོན་དགོས། ཤེས་ཡོན་མེད་ན་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན་ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གོང་དུ་ངོས་ཀྱིས་ཕྲན་བུ་བརྗོད་པ་ལྟར་རེད། འཛམ་གླིང་འདིའི་སྟེང་ཡར་རྒྱས་ཕྱིན་པའི་ལུང་པ་ཚང་མ་ཤེས་ཡོན་ཐོག་ནས་ཡར་རྒྱས་ཕྱིན་པ་རེད་མ་གཏོགས་འཛིང་རེས་བཏང་ནས་ཡར་རྒྱས་ཕྱིན་པའི་སྐད་ཆ་གང་ཡང་མེད། དེ་བརྟེན་ང་ཚོ་བོད་པ་ཚོས་ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེང་དུས་ཀྱི་ཤེས་ཡོན་དང་ལག་རྩལ་ཐོག་ང་ཚོ་བོད་པ་རྗེས་ལུས་རེད། དེ་ང་ཚོས་རྗེས་ཟིན་པ་ཞིག་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།