༄༅།། འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་ཨོ་སི་ཊོ་ལི་ཡའི་མེལ་བྷོན་ཁུལ་གནས་བོད་མི་རྣམས་ལ་ས་གནས་བོད་རིགས་མཐུན་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཟབ་སྦྱོང་ཤིག་གོ་སྒྲིག་གནང་བ་དང་། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲུང་ཆེ་གཉིས་ཁུལ་དེར་ཆེད་བསྐྱོད་ཀྱིས་མི་མང་གྲངས་ ༧༠ ལྷག་ལ་ཟབ་སྦྱོང་སྤྲད་ཡོད།
དེ་ཡང་ཟབ་སྦྱོང་མ་གནང་གོང་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ལུས་མེར་སྲེག་བཏང་བའི་བོད་མི་རྣམས་དང་། བོད་ནང་རྒྱ་དམར་གྱི་མནར་གཅོད་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མ་ཚོའི་ཆེད་སྐར་མ་གཅིག་རིང་མྱང་ངན་གུས་འདུད་དང་དེ་རྗེས་སྨོན་ལམ་འུར་འདོན་གནང།
དེ་ནས་སྐུ་ཚབ་དོན་གཅོད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་བ་དང། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་པར་བསྐྲུན་ཞུས་པའི་དབུ་མའི་ལམ་གྱི་སྐོར་བརྙན་འཕྲིན་བཟོ་འགྲེམས་གནང་བ་དེ་བཞིན་བསྟན་ཡོད་པ་དང་། ཚོགས་ཞུགས་པ་རྣམས་ཀྱིས་འདྲི་བ་ཁག་ལ་ལན་འདེབས་གནང་བ་མ་ཟད་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དཔེ་དེབ་དབྱིན་བོད་གཉིས་ནང་ཡོད་པ་དེ་ཡང་འགྲེམས་སྤེལ་ཞུས་ཡོད་པ་བཅས།།