༢༠༡༡ ཟླ་ ༡༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཨུ་རུ་སུ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༦ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་བརྒྱད་ནས་དུས་འཁོར་གྱི་རྡུལ་མཚོན་དཀྱིལ་འཁོར་བཞེངས་ཡོད་པ་དང། སྒོ་མང་གྲྭ་ཚང་གི་ཨོ་ཏོག་རིན་པོ་ཆེས་རྡུལ་མཚོན་དཀྱིལ་འཁོར་གྱི་ངོ་སྤྲོད་ཀྱང་གནང་ཡོད།
གཞན་ཡང་སྐབས་དེར་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་ཀྱིས་སྒོ་མང་གྲྭ་ཚང་སྐོར་ངོ་སྤྲོད་གནང་དོན། སྒོ་མང་གྲྭ་ཚང་ནི་བོད་དུ་དུས་རབས་ ༡༥ ནང་ཕྱག་བཏབ་སྟེ་དགེ་འདུན་པ་ལྔ་སྟོང་ལྔ་བརྒྱ་ཙམ་བྱུང་ཡོད། དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་བསླེབས་རྗེས་ཐོག་མར་དགེ་འདུན་པ་ ༦༠ ཙམ་གྱིས་གྲྭ་ཚང་དེ་བཞིན་བཙན་བྱོལ་ནང་འཛུགས་སྐྲུན་སླར་གསོ་བྱས་རྗེས་ད་ཆ་བྱེས་ཀྱི་སྒོ་མང་གྲྭ་ཚང་དུ་དགེ་འདུན་ཞལ་གྲངས་ ༢༠༠༠ ཙམ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༡ སྩལ་གྲུབ་པ་དང། དུས་འཁོར་དབང་ཆེན་ཐེངས་ ༣༢ པ་དེ་གནས་མཆོག་རྡོ་རྗེ་གདན་དུ་སྩལ་རྒྱུ་ཡིན་འདུག དུས་འཁོར་དབང་ཆེན་ཐེངས་ ༣༣ དེ་བཞིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནང་སྩལ་ཐུབ་རྒྱུའི་སྨོན་ལམ་དང་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་ཡོད།
དུས་འཁོར་གྱི་རྡུལ་མཚོན་དཀྱིལ་འཁོར་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༦ ནས་ ༡༣ བར་མང་ཚོགས་ལ་འགྲེམས་སྟོན་ཞུ་བཞིན་ཡོད་འདུག ཕྱོགས་མཚུངས་འགྲེམས་སྟོན་རིང་དགེ་འདུན་པ་རྣམས་ཀྱིས་ནང་ཆོས་ངོ་སྤྲོད་དང། བོད་སྨན་བསྟན་གཏུག་བྱ་རྒྱུའི་གོ་སྐབས། དེ་བཞིན་སྨན་པ་སྨོན་ལམ་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྐོར་ངོ་སྤྲོད་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༣ ཉིན་མཇུག་སྒྲིལ་མཛད་སྒོའི་སྐབས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་གར་འཆམ་འཁྲབ་སྟོན་གནང་རྒྱུ་ཡིན་འདུག
སྤྱིར་འདི་ལོ་ཕྱི་ཟླ་ ༨ ཚེས་ ༡༩ ནས་བཟུང་དབུ་འཛུགས་ཀྱིས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ཚོས་ཨུ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་དང་བྷུར་ཡ། དེ་བཞིན་ཨུ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་མང་པོའི་ནང་ཕེབས་ཏེ་སྤྱན་རས་གཟིགས་དང། རྡོ་རྗེ་སེམས་པ། འཇིགས་བྱེད་བཅས་ཀྱི་རྡུལ་མཚོན་དཀྱིལ་འཁོར་བཞེངས་ཡོད་པ་མ་ཟད། མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང། གསུང་ཆོས། དེ་བཞིན་བོད་ཀྱི་གསོ་བ་རིག་པའི་སྐོར་ངོ་སྤྲོད་གནང་ཡོད།
ཕྱི་ལོ་ ༡༩༥༩ གོང་བོད་ནང་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་གྱི་ཡ་རྒྱལ་དཔལ་ལྡན་སྒོ་མང་གྲྭ་ཚང་ནང་ཨ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་དང་ཁལ་མུཀ། དེ་བཞིན་བྷུར་ཡ་བཅས་ནས་དགེ་འདུན་པ་ཚོར་ནང་ཆོས་སློབ་གཉེར་ཆེད་ཕེབས་པ་ཙམ་མ་ཟད། སློབ་གཉེར་མཐར་ཕྱིན་པའི་མཁས་དབང་ཡང་མང་པོ་ཐོན་ཡོད། དུས་ད་ལྟའང་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་སྒོ་མང་གྲྭ་ཚང་དུ་ནང་ཆོས་སློབ་གཉེར་གནང་བཞིན་པའི་སོག་པོའི་དགེ་འདུན་པ་ཁྱོན་གྲངས་ ༡༠༠ བརྒལ་བ་ཡོད་འདུག་པ་བཅས།།
ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐུ་ཝ་དང་བྷུར་ཡའི་ནང་བོད་ཀྱི་རིག་གཞུང་འགྲེམས་སྟོན་གནང་བཞིན་པ།
གསར་གནས།
འབྲེལ་གནས།