༢༠༡༡ ཟླ་ ༡༡ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༢ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་སུད་སི་ཁུལ་གྱི་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཇར་མན་གྲོང་ཁྱེར་བྷར་ལིན་དུ་ཕེབས་ཡོད། གྲོང་ཁྱེར་བྷར་ལིན་དུ་ཕེབས་མཚམས་ཐོག་མར་བཀའ་ཁྲི་མཆོག་གིས་ཨེ་ཨེབ་པི་(AFP)གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་ཇར་མན་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་ཁང་ཞིག་ཏུ་མགྲོན་འབོད་ལྟར་ཕེབས་ཏེ་ཇར་མན་གྲོས་ཚོགས་ཀྱི་བོད་དོན་གླེང་མོལ་ཚོགས་ཆུང་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་ ༡༥ ཙམ་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༨ ཀྱི་ཉིན་མོ་དེ་ནི་བོད་མི་ཚོའི་བྱུང་རབས་ཁྲོད་གལ་གནད་ཅན་གྱི་ཉིན་མོ་ཞིག་ཡིན་པ་དང།
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཆིབས་སྒྱུར་བསྐྱངས་ཡོད་སྐོར་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་མཛད་པ་དེ་ནི་ཕྱི་ལོ་ ༡༦༤༢ ལོར་༸གོོང་ས་ལྔ་པ་ཆེན་པོ་མཆོག་ནས་བརྒྱུད་པའི་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་དེ་བཞིན་རྒྱུན་མཐུད་པ་ཞིག་ཡིན་སྐོར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ལུགས་དེ་བཞིན་ཡང་དག་པའི་མང་གཙོའི་ལམ་བཟང་དུ་བསྐྱོད་ཐུབ་པའི་རླབས་ཆེན་གྱི་མཛད་རྗེས་སོགས་ཀྱི་སྐོར་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་མ་ཟད། ད་ལྟ་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ཡོད་པའི་སྐབས་འདིར་ཇར་མན་ཕྱི་སྲིད་ལྷན་ཁང་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་ཇར་མན་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་སོགས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་དེ་དག་གཞིས་ལུས་བོད་མི་ཚོས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་ཟད།
བོད་མིའི་བདེན་པའི་འཐབ་རྩོད་ལ་འཛམ་གླིང་ཕྱི་ནས་རྒྱབ་སྐྱོར་གནང་བཞིན་ཡོད་པར་བརྟེན་རེ་བ་ཆེན་པོ་ཡོད་ཅེས་བཀའ་ཁྲི་མཆོག་གིས་གཞིས་བཞུགས་སྤུན་ཟླ་ཚོར་བརྗོད་འདོད་ཡོད་སྐོར་གསུངས་ཡོད། དེ་བཞིན་སྐབས་དེར་བཀའ་ཁྲི་མཆོག་གིས་ཇར་མན་གྲོས་ཚོགས་འཐུས་མི་རྣམས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཕྱོགས་མཚུངས་སྐབས་དེར་ཐོག་མར་ཇར་མན་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཧན་སི་ཨུལ་རིག་ཀོ་ལོ་སི་(Hans-Ulrich Klose)མཆོག་གིས་བཀའ་ཁྲི་མཆོག་ཇར་མན་གྲོས་ཚོགས་སུ་ཕེབས་པར་འཚམས་འདྲིའི་བཀྲི་བདེ་ལེགས་ཞུས་ཡོད། ཕྱོགས་མཚུངས་སྐབས་དེར་དབུ་མའི་ལམ་གྱི་སྐོར་དྲི་བ་ཕུལ་བར་བཀའ་ཁྲི་མཆོག་གིས་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་རྩོད་བཞིན་པར་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ལངས་ཕྱོགས་ཀྱང་དེ་མཚུངས་ཡིན་སྐོར་གསལ་བཤད་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་རྒྱལ་སྤྱིའི་ཚོགས་པ་ཁག་ལ་བོད་དོན་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཐོག་གསུང་བཤད་མཇུག་སྒྲིལ་གནང། དེ་ཡང་བཀའ་ཁྲི་མཆོག་སུད་སི་གྲོང་ཁྱེར་ཛུ་རིཀ་ནས་ཇར་མན་དུ་ཕེབས་མཚམས་ཐོག་མར་ཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ཧ་རལ་ཌི་ལེབ་རི་ཆི་(Mr.Harald Leibrecht)མཆོག་དང་མཇལ་འཕྲད་གནང་ཡོད།
ཕྱེད་ཡོལ་ཇར་མན་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཀ་ལིའོ་ཌོ་རོ་ཐ་(Mrs. Claudia Roth) མཆོག་གིས་ལྗང་ཁུ་ཚོགས་པའི་ལས་ཁུངས་སུ་མགྲོན་འབོད་ལྟར་ཕེབས། སྐབས་དེར་ཚོགས་གཙོ་ལྕམ་སྐུ་མཆོག་གིས་བཀའ་ཁྲི་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ལྗང་ཁུ་ཚོགས་པའི་ལས་ཁུངས་སུ་བཀའ་ཁྲི་མཆོག་ཕེབས་ཐུབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཚུལ་དང། བོད་མི་ཚོའི་གནས་སྟངས་གང་མྱུར་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་ཡོད་སྐོར་གསུངས། གཞན་ཡང་བཀའ་ཁྲི་མཆོག་གིས་ལྗང་ཁུ་ཚོགས་པས་ལོ་མང་རིང་བོད་མི་ཚོར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། བཀའ་ཁྲི་མཆོག་གིས་དེ་ཉིན་གྱི་ལས་རིམ་མཐའ་མར་ཇར་མན་གྲོང་ཁྱེར་བྷར་ལིན་དུ་གནས་སྡོད་ས་གནས་བོད་རིགས་ཚོར་ཆིག་སྒྲིལ་དགོས་རྒྱུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་ཀྱང་གནང་ཡོད་པ་བཅས།།