༢༠༡༡ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༢ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༡ བར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་དང་ས་འབྲེལ་གྱི་འབྲུག་དང་བལ་ཡུལ། འབྲས་མོ་ལྗོངས། འབར་མ། དེ་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ལ་ཧོལ་སྤྱི་ཏི། ཀྱི་ནོར། ལ་དྭགས་དང་། དེ་བཞིན་རྒྱ་གར་བྱང་ཤར་གྱི་ས་ཁུལ་མི་ཛོ་རམ་དང་ནཱ་ག་བཅས་ནས་ཁྱོན་སློབ་ཕྲུག་གྲངས་ ༢༠ ཙམ་ལ་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་དང་དེའི་བྱུང་རིམ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་ཚུལ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ལྷག་པར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དེ་བཞིན་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་ཁྲིར་རྩིས་སྤྲོད་མཛད་རྗེས། རྒྱལ་སྤྱིའི་ནང་ནས་དོ་སྣང་ཆེན་པོ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་དང་བརྙན་འཕྲིན་བརྒྱུད་ལམ་འདྲ་མིན་གྱིས་དོ་སྣང་ཆེན་པོ་བྱས་སྐོར་སོགས་ངོ་སྤྲོད་གནང་། སྐབས་དེར་ཐོག་མར་སློབ་མ་རྣམས་ཀྱིས་རེ་རེ་བཞིན་རང་ཉིད་ངོ་སྤྲོད་ཞུས་ཡོད། བཀའ་ཁྲི་མཆོག་གི་གསུང་བཤད་གནང་གྲུབ་བསྟུན། སློབ་མ་རྣམས་ཀྱིས་བོད་དེ་བཞིན་ནང་པའི་རྒྱལ་ཁབ་གཅིག་དང་ཡང་ན་ཆོས་ལུགས་རིས་མེད་ཀྱི་རྒྱལ་ཁབ་གང་ཡིན་སྐོར་དང། དེ་བཞིན་བཀའ་ཁྲི་མཆོག་གི་དེ་སྔ་རང་བཙན་གཙང་མའི་ལངས་ཕྱོགས་དེར་འགྱུར་བ་ཕྱིན་ཡོད་མེད། བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སོགས་ཀྱི་སྐོར་དྲི་བ་ཕུལ་བར་བཀའ་ཁྲི་མཆོག་གིས་ལན་འདེབས་ཞིབ་ཕྲ་གནང་རྗེས་སློབ་མ་རྣམས་དང་ལྷན་དུ་པར་བརྒྱབ་སྟེ་ཚོགས་འདུ་གྲོལ།
དེ་རྗེས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འགན་འཛིན་གཅིག་ལྕོགས་འཇམ་དཔལ་ཆོས་བཟང་མཆོག་གིས་བཙན་བྱོལ་བོད་མི་རྣམས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས། རྒྱ་གར་གྱི་མང་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་ལ་གཙོ་བོ་གཞི་བཅོལ་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་བྱས་ཚུལ་དང་། ཕྱོགས་མཚུངས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་དོན་བྱེད་ཕྱོགས་སྐོར་སོགས་ཞིབ་ཕྲ་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་པ་བཅས།།
བཀའ་ཁྲི་མཆོག་དང་འོས་བསྡུའི་འགན་འཛིན་མཆོག་གིས་བོད་དང་ས་འབྲེལ་གྱི་འབྲུག་དང་བལ་ཡུལ། འབྲས་མོ་ལྗོངས། འབར་མ། དེ་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།