༢༠༡༡ ཟླ་ ༡༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༢ ཉིན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སིམ་ལར་གནས་སྡོད་ས་ཁུལ་བོད་མི་སྤྱི་དང་ལྷག་པར་སིམ་ལ་སན་ཇོ་ལིའི་ཁུལ་གྱི་ཨ་ཛཱ་སྡི་ཀེམ་(Azaad Camp)ཞེས་པར་བོད་མིའི་ཁྱིམ་ཚང་ ༧༠ ཙམ་གྱི་བོད་རིགས་ཚོ་དང་ཐུག་འཕྲད་གནང་སྟེ་ཁོང་ཚོར་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུའི་ཁས་ལེན་གནང་ཡོད། དེ་ཡང་ཨ་ཛཱ་སྡི་ཀེམ་ནམ་རང་བཙན་ཀེམ་ཞེས་པའི་ས་ཁུལ་དེར་ལོ་ངོ་བཞི་བཅུ་ལྷག་ཙམ་རིང་བོད་མིའི་ཁྱིམ་ཚང་ ༧༠ ཙམ་གནས་སྡོད་བྱས་ཡོད་ཀྱང་ཉེ་ལམ་སིམ་ལ་ས་གནས་གྲོང་སྡེའི་ལས་ཁུངས་ཀྱིས་(Simla Municipal Corporation) ས་གནས་དེ་ནས་བོད་མིའི་ཁྱིམ་ཚང་རྣམས་ཕྱིར་འབུད་བྱས་ཏེ་ཁུལ་དེར་མོ་ཊ་འཇོག་སའི་(Car Parking)ཁོར་ཡུག་བསྐྲུན་རྒྱུའི་ཐག་གཅོད་གནང་འདུག
དེར་བརྟེན་ས་གནས་བོད་མི་ཚོས་གནད་དོན་དེའི་ཐོག་ཁྲིམས་གཏུག་བྱ་རྒྱུའི་འགྲོ་གྲོན་གྱིས་གཙོས་དགོས་ངེས་མཐུན་འགྱུར་རོགས་རམ་ཇི་འདྲ་ཞིག་དགོས་ཀྱང་ནང་སྲིད་ལས་ཁུངས་ནས་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད། སིམ་ལར་རྟེན་གཞི་བྱས་པའི་མངའ་སྡེའི་ཁྲིམས་ཁང་(High Court)ནས་ཀྱང་བོད་མི་ཚོར་གནས་སྐབས་ས་ཆ་སྟོང་པ་བཟོ་མི་དགོས་པ་དང། ས་ཆ་དེར་རླངས་འཁོར་འཇོག་སའི་ཁོར་ཡུག་བསྐྲུན་ཆེད་ཨར་ལས་ཀྱི་ལས་གཞིའི་སྐབས་དོ་ཕོག་བྱུང་བའི་བོད་མིའི་ཁྱིམ་ཚང་རྣམས་ཉེ་ཁོར་གྱི་ས་གནས་གཞན་དུ་སྤོ་ཆོག་པ་མ་ཟད། གནས་སྤོ་བྱེད་མཁན་བོད་མིའི་ཁྱིམ་ཚང་རྣམས་ཀྱི་ཁང་ཁྱིམ་བསྐྱར་གསོའི་ཆེད་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་འབྲེལ་ཡོད་བཟོ་གྲྭ་དེ་ནས་མཐུན་འགྱུར་ཞུ་དགོས་པའི་དཔྱད་ཁྲ་ཡང་བཏང་ཡོད།
ཕྱི་ཚེས་ ༢༣ ཉིན་ནང་སྲིད་བཀའ་བློན་མཆོག་གིས་དབུས་ས་གནས་འགོ་འཛིན་ཆོས་རྗེ་ལགས་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ལགས་བཅས་ཀྱིས་སིམ་ལ་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་འགན་འཛིན་དང་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སུ་རེ་ཤི་བྷར་ཌི་ཝ་ཇི་(Suresh Bhardwaj)ལགས་མཇལ་འཕྲད་གནང་ཡོད། སྐབས་དེར་ཁོང་རྣམ་གཉིས་ཀྱིས་བོད་མི་ཚོར་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། བོད་མི་རྣམས་ཀྱི་བདེ་དོན་ཆེད་ཁོང་ཚོས་རོགས་རམ་གང་ཐུབ་ཞུ་རྒྱུའི་ཁས་ལེན་གནང་ཡོད། དེ་བཞིན་བཀའ་བློན་མཆོག་མངའ་སྡེའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་རཱ་ཀེ་ཤི་ཝར་ལལ་སུ་ཌི་(RakeshwarLall Sood)ལགས་ཐུག་འཕྲད་ཀྱིས་གནད་དོན་དེའི་ཐོག་ཁྲིམས་ཐོག་གི་གནས་བབ་སྐོར་གོ་བསྡུར་གནང་སྐབས། ཁྲིམས་རྩོད་པས་རང་ནུས་གང་ཐུབ་ཀྱིས་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་འདུག་པ་མ་ཟད། མཐའ་མའི་རྒྱལ་ཁ་དེ་བཞིན་བོད་མི་ཚོར་འཐོབ་རྒྱུ་ཡིན་པ་ཁོང་ལ་ཡིད་ཆེས་ཡོད་སྐོར་ཡང་གསུངས་ཡོད། ཕྱོགས་མཚུངས་འཛུགས་སྐྲུན་བཟོ་གྲྭ་དེས་ཀྱང་ཨར་ལས་སྐབས་བོད་མིའི་ཁྱིམ་ཚང་སུ་ཞིག་ལ་གནོད་སྐྱོན་ཕོག་ཚེ་ཁྱིམ་ཚང་བསྐྱར་གསོའི་སླད་རྡོ་ཤིང་ལྕགས་སོགས་མཁོ་ཆས་ཀྱི་མཐུན་རྐྱེན་ཆ་ཚང་གནང་རྒྱུ་དང། སིམ་ལ་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་ཁང་ཁྱིམ་བསྐྱར་གསོ་བྱེད་མཁན་གྱི་ལས་མི་ཚོའི་གླ་ཆ་གནང་རྒྱུ་སོགས་ཐག་གཅོད་བྱུང་ཡོད་སྐོར་སིམ་ལ་ས་གནས་འགོ་འཛིན་ལས་ཁུངས་ནས་འགྲེལ་བརྗོད་གནང་ཡོད་པ་བཅས།།
ནང་སྲིད་བཀའ་བློན་མཆོག་གིས་སིམ་ལ་ས་གནས་བོད་མི་ཚོའི་ས་ཁང་དང་འབྲེལ་བའི་བདེ་སྡུག་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ།
གསར་གནས།
འབྲེལ་གནས།