༢༠༡༡ ཟླ་ ༡༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཉི་ཧོང་དུ་འདི་ལོ་ཕྱི་ཟླ་ ༣ ནང་ཆུ་ལོག་དང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཤོས་ཕོག་པའི་གྲོང་ཁྱེར་ཕུ་ཀོ་ཤི་མའི་ཌའི་ཆིའི་(Fukushima Daiichi nuclear plant)རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༡༠༠ ཙམ་དུ་རྟེན་གཞི་བྱས་པའི་ནི་ཧོང་གཙུག་ལག་སློབ་ཁང་(Nihon University)གི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་སྟོང་ཕྲག་བརྒལ་བར་དཀའ་ངལ་ལས་རྒྱལ་ཐབས་སྐོར་ལ་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཟུངས་ཤུགས་ཡག་པོ་ཡོད་ན་ནད་སྔོན་འགོག་བྱེད་ཐུབ། འོན་ཀྱང་གལ་ཏེ་སེམས་ནང་ཞི་བདེ་ལྷིང་འཇགས་མེད་ཚེ་དཀའ་ངལ་ཆུང་ངུ་ཞིག་ཡིན་ནའང་བཟོད་བསྲན་མ་ཐུབ་པ་ཡོང་གི་ཡོད། རང་གིས་བྱས་པ་ལ་བཟང་ངན་གྱི་ལན་པ་ཇི་འདྲ་ཞིག་སློག་ཀྱང་རང་ངོས་ནས་ལྷག་པའི་བསམ་པའི་ཀུན་ནས་བླངས་ཏེ་གཞན་ཕན་གྱི་ཀུན་སློང་འཆང་རྒྱུ་གལ་ཆེན་པོ་ཡིན། དེ་འདྲ་མིན་ན་ཡང་དག་པའི་བྱམས་བརྩེ་ཆགས་མི་ཐུབ། བྱམས་བརྩེ་ཡང་དག་པ་ཞིག་ཡོང་བར་ཕྱོགས་ལྷུང་མེད་པ་ཞིག་དགོས་ཞེས་བཀའ་སློབ་སྩལ། སྐབས་དེར་ཚོགས་བཅར་བ་ཞིག་གིས་མི་འདོད་བཞིན་དུ་ཕུ་ཀུ་ཤི་མའི་གྲོང་ཁྱེར་ནས་ཁ་བྲལ་དགོས་བྱུང་བའི་དཀའ་ངལ་དེར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཕུལ་བར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། དེ་ནི་གཙོ་བོ་ཚན་རིག་པ་ཚོར་འདྲི་དགོས། གལ་ཏེ་རྡུལ་ཕྲན་འོད་རླངས་ཀྱི་ཉེན་ཁ་ཡོད་ན་ས་གནས་གཞན་དུ་སྤོ་དགོས། དེ་ནི་གཙོ་བོ་རང་ཉིད་ཉེན་ཁ་ལས་སྐྱོབས་ཆེད་ཡིན་ཞེས་བཀའ་ལན་སྩལ།
ཡང་སློབ་དགེ་ཞིག་གིས་ཕུ་ཀུ་ཤི་མའི་རྡུལ་ཕྲན་གློག་ཁང་ནས་རྡུལ་ཕྲན་འོད་རླངས་ཕྱིར་ཤོར་རྗེས་མི་མང་ཚོར་སེམས་ཁྲལ་ཆེན་པོ་བྱུང་བར་བརྟེན་སེམས་ལ་བདེ་སྐྱིད་མེད་པའི་དཀའ་ངལ་འཕྲད་བཞིན་པར་དགོངས་ཚུལ་ཇི་ཡོད་ཀྱི་དྲི་བ་ཕུལ་བར། མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། གལ་ཏེ་ངོས་ལ་གནས་སྟངས་དེ་འདྲ་ཞིག་འཕྲད་ཚེ་ངོས་ཀྱིས་དཀའ་ངལ་དེ་མཉམ་མྱོང་བྱ་རྒྱུ་ཡིན། ང་ཚོར་རྣམ་དཔྱོད་ཡོད་པ་དང་འགྲོ་བ་མི་གཅིག་མཚུངས་ཡིན་པར་བརྟེན། གཞན་དཀའ་ངལ་འོག་ཚུད་པ་དེར་གདུང་སེམས་མཉམ་སྐྱེའི་རོགས་རམ་བྱེད་དགོས། འགྲོ་བ་མི་ནི་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ཞིག་ཡིན། དེར་བརྟེན་ཁྱེད་ཚོས་གྲོགས་མེད་ཁེར་རྐྱང་ཡིན་བསམ་པ་ནམ་ཡང་དྲན་རྒྱུ་མེད། ང་ཚོ་འགྲོ་བ་མི་ཚང་མས་ཁྱེད་ཚོར་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་སོགས་ཀྱི་བཀའ་ལན་སྩལ།།
༸གོང་ས་མཆོག་གིས་ཉི་ཧོང་དུ་ས་ཡོམ་དང་ཆུ་ལོག་གི་གོད་ཆག་ཚབས་ཤེས་ཤོས་ཕོག་པའི་ཕུ་ཀུ་ཤི་མའི་མང་ཚོགས་ལ་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།