༢༠༡༡ ཟླ་ ༡༡ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༩ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༩ །༤༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ས་རཱ་བོད་ཀྱི་མཐོ་སློབ་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་གཏོང་ལེན་དགེ་རྩ་ཚོགས་པས་མཐུན་འགྱུར་འོག་་(Tong Len Charitable Trust) རྒྱ་གར་གྲོང་གསེབ་ཀྱི་བྱིས་པ་ཉམ་ཐག་རྣམས་ལ་ཉལ་ཁང་གསར་པ་ལེགས་གྲུབ་བྱུང་བ་དབུ་འབྱེད་མཛད་ཡོད། དེ་ཡང་ཐོག་མར་ཉལ་ཁང་མདུན་དུ་མེས་པོ་དམ་པ་གྷན་དྷི་མཆོག་གི་སྐུ་བརྙན་གསར་བཞེངས་གནང་ཡོད་པ་དེ་དབུ་འབྱེད་མཛད། བཞུགས་གྲལ་དུ་༸ཞབས་སོར་འཁོད་བསྟུན་གཏོང་ལེན་དགེ་རྩ་ཚོགས་པའི་བྱིས་པ་རྣམས་ཀྱིས་༸གོང་ས་མཆོག་ལ་མཉམ་གཞས་ཀྱིས་བསྟོད་གླུ་ཞིག་འབུལ་ལམ་ཞུས། དེ་རྗེས་གཏོང་ལེན་དགེ་རྩ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་འཇམ་དབྱངས་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། གཏོང་ལེན་དགེ་རྩ་ཚོགས་པ་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༢ ལོར་སྐུ་ཞབས་འཇམ་དབྱངས་ལགས་ཀྱིས་རྡོ་རྗེ་ལགས་དང་ཉི་མ་ལགས་ཀྱིས་ལྷན་དུ་རྒྱ་གར་ཉམ་ཐག་ཚོར་འཕྲད་བཞིན་པའི་དཀའ་ངལ་གཙོ་བོ་འཕྲོད་བསྟེན་དང་ཤེས་ཡོན་གཉིས་ཡིན་པ་དེ་དག་གང་མྱུར་སེལ་ཐབས་ཀྱིས་ལས་གཞི་འགོ་འཛུགས་ཐོག ཕྱི་ལོ་ ༢༠༠༤ ལོར་དབྱིན་ཡུལ་དང་བླངས་ཞབས་ཞུ་བ་སྐུ་ཞབས་མེ་ཀལ་དང་རི་ཅལ་གཉིས་ཀྱིས་རོགས་རམ་ཐོག་གཏོང་ལེན་དགེ་རྩ་ཚོགས་པ་དེབ་སྐྱེལ་ཞུས་ཡོད། ཕྱི་ལོ་ ༢༠༠༦ ལོར་བཏོང་ལེན་དགེ་རྩ་ཚོགས་པས་འཕྲོད་བསྟེན་གོ་རྟོགས་སྤེལ་རྒྱུའི་ལས་གཞི་དང་ཆ་རན་ཁཌ་ས་ཁུལ་རང་དུ་སྨན་ཁང་གིས་མཐུན་རྐྱེན་བསྐྲུན་ཡོད་པ་མ་ཟད། འཕྲོད་བསྟེན་དང་འབྲེལ་བའི་དགོས་ངེས་ལས་གཞིའི་ཐོག་ལས་འགུལ་སྤེལ་ཡོད། དེ་ཡང་ཕྲུ་གུ་ལོ་ལྔ་ལས་ཆུང་བ་རྣམས་ལ་ཟླ་རེར་སྨན་བཅོས་བརྟག་དཔྱད་བྱ་རྒྱུའི་ལས་གཞི་སྤེལ་ཡོད།
དེ་ནས་ཕྱི་ལོ་ ༢༠༠༥ ལོར་ཐོག་མར་ཕྲུ་གུ་གྲངས་ ༢༠ ཙམ་ལ་ཉལ་ཁང་གི་མཐུན་འགྱུར་བསྐྲུན་ཐོག་ད་ལྟའི་ཆར་ཕྲུ་གུ་ ༥༩ ཙམ་ལ་སློབ་གྲྭ་གྲོལ་རྗེས་ཉལ་ཁང་དུ་སློབ་སྦྱོང་མུ་མཐུད་བྱ་རྒྱུའི་མཐུན་འགྱུར་བསྐྲུན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཀངྒ་ར་རྫོང་དང་ཉེ་འགྲམ་ས་ཁུལ་ཁག་དྲུག་གི་ནང་སྨན་ཁང་བཙུགས་ཏེ་ཟླ༌རེར་སྨན་སྤྲོད་དང་ཁབ་རྒྱག་རྒྱུ་སོགས་སྨན་བཅོས་ཀྱི་མཐུན་འགྱུར་གནང་ཡོད་སྐོར་དང་། མ་འོངས་པར་དབང་པོ་སྐྱོན་ཅན་ཚོར་ཡང་ལྟ་རྟོག་བྱ་རྒྱུའི་ལས་གཞི་སྤེལ་འཆར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང།
དེ་རྗེས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏཱ་ཀུ་མཱར་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བ་མ་ཟད། ཁོང་རང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ལས་དོན་དེ་རིགས་ལ་ཞལ་འདེབས་མ་དངུལ་རྒྱས་བཅད་ཡོད་ཁོངས་ནས་གཏོང་ལེན་དགེ་རྩ་ཚོགས་པར་ཧིན་སྒོར་འབུམ་བཅུ་ཞལ་འདེབས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།
དེ་རྗེས་༸གོང་ས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་སྩལ་དོན། ཆོས་གྲོགས་ཕོ་མོ་ཚོ་དང་དམིགས་བསལ་གཞོན་སྐྱེས་ཚོ། དེ་བཞིན་ངོས་ཀྱི་གྲོགས་པོ་རྙིང་པ་མངའ་སྡེའི་བློན་ཆེན་ཟུར་པ་མཆོག གཞན་ཡང་སྐུ་མགྲོན་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་འཇམ་དབྱངས་ལགས་ཀྱིས་འདས་པའི་ལོ་འགའ་ཤས་རིང་སྤེལ་བའི་ལས་དོན་སྐོར་ངོས་ལ་རྒྱུས་མངའ་ཡོད། སྐབས་ཤིག་ལ་ཁྱེད་ཀྱིས་ངོས་སྡོད་སར་ཕྲུ་གུ་འགའ་ཤས་ཁྲིད་བྱུང་། དེ་རིང་འདིར་ངོས་ཀྱིས་དངོས་སུ་ཁྱེད་ཚོ་དང་ཐུག་རྒྱུ་བྱུང་ཡོད། འདིར་སྡོད་མཁན་ཕྲུ་གུ་རྣམས་ཁྱིམ་ཚང་ཉམ་ཐག་ནས་ཡིན་པ་མ་ཟད། ཕ་མ་ཚོས་གད་སྙིགས་སྒྲུག་ནས་འཚོ་ཐབས་བྱེད་བཞིན་ཡོད། སྐབས་ཤིག་ཨ་མ་གཅིག་གིས་འཚོ་བའི་དཀའ་ངལ་ལ་བརྟེན་རང་གི་ཕྲུ་གུ་རྒྱུག་ཆུ་ཞིག་གི་འགྲམ་དུ་གཡུགས་པ་སོགས་ཀྱིས་གནས་ཚུལ་གོས་ཐོས་བྱུང་བར་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་། ངོས་ཀྱིས་རྒྱུན་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་གཞི་རྩའི་གནས་སྟངས་ཐོག་ནས་འཛམ་གླིང་སྟེང་མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་ཐོག་མར་མའི་མངལ་ནས་སྐྱེས་སྟངས་དང་མཐར་འཆི་སྟངས་ཚང་མ་གཅིག་མཚུངས་ཆགས་ཡོད།
ཆོས་ལུགས་དང་རྒྱལ་ཁབ། ཆོས་ཁས་ལེན་མིན་དང་། ཤེས་ཡོན་ཡོད་མེད། རིགས་རུས་དབྱེ་བ། དབུལ་ཕྱུག་ཀྱི་ཁྱད་པར་ཡོད་པ་དེ་དག་རིམ་པ་གཉིས་པ་ཆགས་ཡོད། གལ་ཆེ་ཤོས་དེ་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན། ངོས་རང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་བཞིན་འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མར་ཚོར་བ་དེ་གཅིག་མཚུངས་སུ་ཡོད། དེར་བརྟེན་མི་ཚང་མར་དཀའ་ངལ་ལས་རྒྱལ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། ཕྱོགས་མཚུངས་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས་ཕན་ཚུན་དཀའ་ངལ་འཕྲད་སྐབས་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་དེ་ང་ཚོའི་བཟང་སྤྱོད་ཀྱི་འགན་ཞིག་ཀྱང་ཆགས་ཡོད། དེ་ལས་ལྡོག་སྟེ་དབུལ་ཕྱུག་བར་གྱི་སྟོང་ཆ་དེ་བཟང་སྤྱོད་དང་འགལ་བ་ཙམ་མ་ཟད། རྙོག་གྲའི་འབྱུང་གཞི་གཙོ་བོ་ཞིག་ཀྱང་ཆགས་ཡོད། དེར་བརྟེན་ང་ཚོས་སྟོང་ཆ་དེ་ཇི་ལྟར་སེལ་དགོས་མིན་ཐད་བསམ་ཞིབ་ནན་པོ་གཏོང་དགོས། དེ་ལྟར་ཡོང་བར་དབུལ་ཕྱུག་ཕྱོགས་གཉིས་ཀར་འགན་ཡོད། འབྱོར་བ་ཡོད་མཁན་ཚོས་ཤེས་ཡོན་དང་མཁོ་དགུའི་ཡོ་ཆད་མཐུན་འགྱུར་ཞུ་རྒྱུ་དང་། དེ་བཞིན་གཙོ་ཆེ་ཤོས་ཉམ་ཐག་ཚོར་བློ་སྤོབས་བསྐྲུན་རྒྱུ་དེ་ཡིན། ཉམ་ཐག་ཚོས་རང་ཉིད་ལ་གདེང་སྤོབས་སྐྱེས་ཐོག་དཀའ་ལས་རྒྱག་ཐུབ་དགོས། འབྱོར་བ་ཡོད་མཁན་ཚོས་དཀའ་ལས་བརྒྱབ་པ་ལས་འབྱོར་ལྡན་ཆགས་པ་རེད་མ་གཏོགས་ཁོང་ཚོའི་འབྱོར་བ་དེ་དག་གནམ་ནས་ཟག་པ་ཞིག་མིན།
ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་གཏོང་ལེན་དགེ་རྩ་ཚོགས་པའི་ལས་བྱེད་ཀྱིས་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས། དེ་བཞིན་སུད་སི་དང་དབྱིན་ཡུལ། ཇར་མན། ཕ་རན་སི། ཨི་ཊཱ་ལི། ཊར་ཀི། ཨ་རི། ནིའུ་ཛི་ལན་ཌི། སོའོ་སྡི་ཨ་རེ་བྷི་ཡ། ཁེ་ཎ་ཌ། མ་ལེ་ཤི་ཡ་བཅས་ནས་ཕེབས་པའི་སྦྱིན་བདག་རྣམས་ཀྱིས་གཙོས་གཏོང་ལེན་དགེ་རྩ་ཚོགས་པར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་མཛད་སྒོ་གྲོལ། དེ་རྗེས་༸གོང་ས་མཆོག་དང་ཉམ་ཐག་ཕྲུ་གུ དེ་བཞིན་སྦྱིན་བདག་བཅས་ལྷན་དུ་སྐུ་པར་ཡང་སྒྲོན་ཡོད།
མཛད་སྒོའི་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་སོགས་ལས་ཀྱི་སྣེ་མོ་རྣམས་ཀྱང་ཆེད་ཕེབས་གནང་ཡོད་པ་བཅས།།