༢༠༡༡ ཟླ་ ༡༡ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ཡ་སན་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་བགྲོ་གླེང་ཐོག་དབུ་བཞུགས་མཛད་དེ་བཀའ་སློབ་སྩལ་དོན། སློབ་དཔོན་ཁྱེད་རང་གིས་སློབ་ཕྲུག་ཚོ་ཡང་ཡང་གཟིགས་ཀྱི་ཡོད། ངོས་རང་དུས་གཅིག་མ་གཏོགས་ཡང་ཡང་ཡོང་གི་མེད་པར་བརྟེན། དུས་གཅིག་པོ་འདིར་ཁྱེད་རང་ཚོ་མཐོང་ཐུབ་ན་ཡག་པོ་འདུག ངོས་རང་ནམ་རྒྱུན་འདི་ལྟ་བུ་ཚོགས་སྐབས་ཁྱད་མཚར་པོའམ་བསྟན་བཤིག་ཚ་པོ་བྱུང་ན་དགའ་པོ་ཡོད། བྱས་ཙང་དེ་རིང་ཁྱེད་རང་ཚོས་ཕྱོགས་གང་ཐད་ནས་སྒྲིག་འཛུགས་ལྡན་ལ་གོ་སྒྲིག་པོ་ཞིག་ཡོད་པའི་ཐོག་མར་སློབ་དཔོན་གྱིས་བཀའ་མོལ་གནང་དགོས་ཡོད་དང་ངོས་ཀྱིས་གཅིག་བཤད་དགོས་ཡོད། ངེད་གཉིས་ཀྱིས་མ་ཤེས་པར་ལུས་པ་དེ་ནི་ཁྱད་མཚར་པོ་ཞིག་བྱུང་ཡོད་པ་ནི་བསྟན་བཤིག་ལྟ་བུ་ཆགས་སོང་བས་ངོས་རང་དགའ་པོ་བྱུང། ལོ་ཉིས་སྟོང་གོང་ནས་བྱུང་བའི་ཀོ་བྷོ་ཌ་ཤི་ཁོང་རྗེས་སུ་དྲན་པའི་ཐོག་ནས་ཁོང་ལ་གུས་ཞབས་དང་། དེ་བཞིན་དགོན་པའི་སློབ་དཔོན་གཙོ་འཛིན་སྐུ་ཉིད་དང་ངོས་གཉིས་ངོ་ཤེས་ནས་ཐེངས་མང་ཐུག་རྒྱུ་ཡོད། ཁྱེད་རང་ལའང་གུས་ཞབས་ཡོད། དེ་ནས་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ཚང་མར་ཞུ་རྒྱུར། དེ་རིང་འདིར་བགྲོ་གླེང་བྱ་རྒྱུའི་གོ་སྐབས་བྱུང་བར་ངོས་རང་དགའ་སྤོབས་ཆེན་པོ་བྱུང། སྔོན་ལ་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ཁྱེད་རང་ཚོར་ལོ་ཉིས་སྟོང་གོང་ནས་སངས་རྒྱས་པའི་ཆོས་དར་ཏེ་ལྷག་པར་ཀོ་བྷོ་ཌ་ཤི་(Kobo Daishi)ཁོང་གིས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བཙུགས་གནང་ཡོད། ང་ཚོ་བོད་ལ་དུས་རབས་བདུན་པ་དང། རྐང་དུས་རབས་བརྒྱད་པ་དང་དགུ་པའི་སྐབས་ནས་སངས་རྒྱས་པའི་ཆོས་དར་བ་རེད། དེར་བརྟེན་ཁྱེད་རང་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་རེད། ཁྱེད་རང་ཚོ་ཚང་མར་གུས་འདུད་ཡོད། ངོས་རང་ད་རེས་སླར་ཡང་འདི་གར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཉི་ཧོང་ནི་ནང་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། ཡང་སྒོས་ལེགས་སྦྱར་ནས་ཕབ་སྒྱུར་བྱས་པའི་ནང་བསྟན་རྗེས་འབྲང་པ་དང་དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོ་གཅིག་མཚུངས་ཡིན་པར་བརྟེན། ད་རེས་འབྱུང་བའི་གནོད་སྐྱོན་ཚབས་ཆེ་བྱུང་སའི་ཁུལ་འདིར་སྡུག་བསྔལ་གྱིས་མནར་བའི་མང་ཚོགས་མང་དག་ཅིག་ཡོད་པས་ཁོང་ཚོར་སྡུག་བསྔལ་དྲག་པོ་བྱུང་བ་དེ་དག་མཉམ་སྤྱོད་དང་གདུང་སེམས་མཉམ་སྐྱེ་ཆེད་དུ་ངོས་རང་ཡོང་བ་ཡིན། ཞེས་དང་།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ཉི་ཧོང་ལྟ་བུར་ཆ་བཞག་ན་དམག་ཆེན་གཉིས་པའི་སྐབས་གཏོར་བཤིག་ཧ་ལས་པ་བཏང་སྟེ་གོ་ཐལ་ལྟ་བུར་གྱུར་ཡོད་ཀྱང་། དེ་ལྟ་བུའི་གོ་ཐལ་གྱི་དཀྱིལ་ནས་རྒྱལ་ཁབ་གཅིག་གསར་དུ་བསྐྲུན་ཐུབ་ཡོད། དེ་ལྟ་བུའི་ཡར་རྒྱས་དེ་གནམ་ནས་བབ་པ་ཞིག་མིན་ལ་མཚོ་རླབས་ཀྱིས་ཁྱེད་རང་ཚོར་ཡར་རྒྱས་འཁྱེར་ཡོང་བ་ཞིག་མིན། ཁྱེད་རང་ཚོས་དཀའ་ལས་བརྒྱབ་སྟེ་ཡར་རྒྱས་བཏང་བ་ཞིག་ཡིན། དེར་བརྟེན་ཁྱེད་རང་ཚོ་ཉི་ཧོང་གི་སྙིང་སྟོབས་དང་སོ་སོའི་ཡིད་ཆེས་(Self-Confidence) འདི་འཁྱེར་ཏེ་དུས་རབས་ ༢༡ པ་འདིར་ད་དུང་ཕྱིའི་ཡར་རྒྱས་ཡོད་པ་དང། ནང་སེམས་ཀྱི་བདེ་སྐྱིད་ཡར་རྒྱས་ཡོང་རྒྱུར་ཁྱེད་རང་ཚོ་མི་རབས་གཞོན་པ་ཚོས་ཤུགས་རྒྱག་དགོས། འབད་བརྩོན་བྱེད་དགོས། དེ་ལྟར་བྱས་ན་ཏན་ཏན་བསྒྲུབ་ཐུབ་ཀྱི་རེད། དེར་བརྟེན་ཐར་ཐུག་རྒྱུ་མཚན་ལྡན་པའི་སེམས་ཤུགས་ཡོང་རྒྱུ་དེ་བསམ་པ་བཟང་པོར་ཐུག་ཡོད། རྒྱུ་མཚན་ལྡན་པའི་སེམས་ཤུགས་དེ་འཁྱེར་ནས་མདུན་བསྐྱོད་བྱེད་རྒྱུ་དེར་དངོས་གནས་ཀྱི་མདུན་བསྐྱོད་ཡོང་རྒྱུར་གནས་ཚུལ་རྒྱ་ཆེ་ས་ནས་བལྟ་ཐུབ་མཁན་དགོས་ཀྱི་འདུག (Holistic View)སྤྱི་ཡོངས་ཀྱི་གནས་སྟངས་ལ་ལྟ་ཐུབ་པ་ཡོང་རྒྱུར་དེའི་ཐོག་ཤེས་ཡོན་(Holistic education) དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཡང་ཕྲན་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གཞོན་པས་ནོར་འཁྲུལ་ཤོར་གྱི་འདུག་ན་རྒན་པ་སློབ་དཔོན་ཁྱེད་ཀྱིས་སྐྱོན་འདོན་ཡོ་བསྲང་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཡོད། དེ་རྗེས་བགྲོ་གླེང་དངོས་གཞི་གནང་སྟེ་༸གོང་ས་མཆོག་ལ་ཕུལ་བའི་དྲི་བ་ཁག་ལ་བཀའ་ལན་ཟབ་རྒྱས་སྩལ་ཡོད་པར་བརྟེན། དེར་བཅར་བའི་དད་ལྡན་ཡོངས་ཀྱིས་དགའ་བསུའི་ཐལ་མོ་བྲག་ཅ་ལྡིར་བ་ལྟར་ཞུས་ཡོད་པ་བཅས།།
༸གོང་ས་མཆོག་གིས་ཀོ་ཡ་སན་གཙུག་ལག་སློབ་ཁང་དུ་བགྲོ་གླེང་ཐོག་དབུ་བཞུགས་དང་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།