༢༠༡༡ ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༤ ཉིན་བཏང་གནས་ནང་འཁོད་དོན། ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ་ཡོཀ་དང་། ནིའུ་འཇར་སི་ཁུལ་གྱི་སེར་སྐྱ་མང་ཚོགས་ཚོས་དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ ༦༦ འཁོར་བའི་ཉིན་མོ་དང་བསྟུན་ཏེ་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་གཞི་རྒྱ་ཆེ་བའི་མར་མེའི་འདུ་འཛོམས་ཤིག་གནང་སྟེ་གཞིས་ལུས་སྤུན་ཟླ་ཚོས་ལམ་གཞན་མེད་པར་འུ་ཐུག་ཐབས་ཟད་ངང་སྐུ་སྲོག་དོར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་བར་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེ་མཚོན་པ་བྱས་ཡོད།
སྙན་གྲགས་ཅན་གྱི་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་གི་ལས་ཁུངས་ཁག་གྲོལ་ནས་མི་ཚོགས་མང་བའི་དགོང་དྲོའི་ཆུ་ཚོད་ ༥།༣༠ ཙམ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ཐང་དུ་བོད་རིགས་སེར་སྐྱ་མང་ཚོགས་ ༡༨༠༠ ཙམ་འདུ་འཛོམས་བྱས་འདུག་པ་དེ་དག་གིས་ལག་ཏུ་བརྗོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་དང་།
ཚོན་ཁྲ་ཅན་གྱི་གངས་སེང་དར་ཆ། མར་མེ་བཅས་འཁྱེར་བཞིན་དུ་སྨོན་ལམ་གསུང་འདོན་གནང་བ་མ་ཟད། བོད་མི་ཁ་ཤས་ཀྱིས་དབྱིན་རྒྱ་སྐད་ཡིག་གཉིས་ནང་ཡོད་པའི་དགོས་འདུན་ཡིག་ཆ་འགྲེམས་སྤེལ་བྱེད་བཞིན་འདུག དེ་བཞིན་མར་མེའི་འདུ་འཛོམས་གོ་སྒྲིག་གནང་མཁན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་ཐུན་མོང་ནས་འགྲེམས་སྤེལ་བྱས་པའི་དགོས་འདུན་ཡིག་ཆའི་ནང་། བོད་ནང་གི་གནས་སྟངས་ཡར་རྒྱས་ཡོང་ཐབས་དང་། བོད་རྒྱའི་དཀའ་ངལ་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པའི་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། མདོ་སྨད་རྔ་པ་ཁུལ་དང་ཀིརྟི་དགོན་པར་བཅའ་སྡོད་བྱེད་བཞིན་པའི་དམག་མི་དང་ཉེན་རྟོག་པ་རྣམས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པ། རྒྱལ་ཁབ་ཁག་གི་གཞུང་དང་དབུ་ཁྲིད་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་རྣམ་འགྱུར་གསལ་སྟོན་དགོས་པ།
རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད་རང་དབང་གི་གསར་འགོད་པ་དང་། རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཞིག་བོད་ནང་ཞིབ་འཇུག་ཏུ་བསྐྱོད་ཐུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་གཞུང་ལ་སྐུལ་འདེད་གཏོང་དགོས་པ། རྒྱ་ནག་གཞུང་གིས་སོ་སོས་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་ཁག་ལ་བརྩི་བཀུར་དང་འབྲེལ་བོད་ནང་གི་ཆོས་དད་རང་དབང་དང་། མདོ་སྨད་རྔ་པའི་མི་མང་གཙོ་བོར་གྱུར་བའི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་བཀུར་ཞུ་དགོས་པའི་རྒྱ་གཞུང་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་ལྔ་གསལ་སྟོན་བྱས་འདུག
བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་ཐུན་མོང་གིས་གོ་སྒྲིག་བྱས་པའི་གཞི་རྒྱ་ཆེ་བའི་མར་མེའི་འདུ་འཛོམས་དེ་ནི་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ཐོུང་གི་ཡོངས་ཁྱབ་འབོད་སྐུལ་ལ་བརྡ་ལན་གནང་དོན་ལྟར་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། མར་མེའི་འདུ་འཛོམས་དེའི་ཐོག་མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་དང་། བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས། ཚོགས་སྐྱིད་ཁག་གི་རྒྱུན་ལས་བཅས་ཁྱོན་བསྡོམས་སེར་སྐྱ་མང་ཚོགས་ ༡༨༠༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་། སྤྱི་འཐུས་རྣམ་གཉིས་དང་། ལས་འགུལ་གོ་སྒྲིག་ཞུ་མཁན་ཚོགས་པ་གསུམ་གྱི་ཚོགས་གཙོས་མིག་སྔའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྐོར་ལ་གསུང་བཤད་མདོར་བསྡུས་རེ་གནང་ཡོད་པ་རེད། ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་བྱང་ཨ་རིའི་ཁྱབ་ཁོངས་བོད་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེའི་ལས་འགུལ་ནང་ཧུར་བརྩོན་ཆེན་པོས་མཉམ་ཞུགས་གནང་གི་ཡོད་པ་དང་། བཀའ་སྤྱི་ལྷན་རྒྱས་ནས་ཡོངས་ཁྱབ་འབོད་སྐུལ་གནང་བདེ་བཞིན་འདི་ཚེས་ ༡༩ ཉིན་གྱི་ལྷག་དཀར་ལས་འགུལ་དང་། ལྷག་པར་དུ་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་དུས་ཚོད་དང་བསྟུན་ནས་མི་མང་དེ་འདྲ་མང་པོ་འདུ་འཛོམས་གནང་བ་ནི་བསྔགས་བརྗོད་འོས་པ་ཞིག་ཡིན། ནིའུ་ཡོཀ་ནང་ཡོད་པའི་བོད་མིའི་སྐྱིད་སྡུག་ཁག་ནས་ལས་འགུལ་གོ་སྒྲིག་ཞུ་མཁན་ལ་གཞོགས་འདེགས་གནང་བར་བརྟེན་དེ་རིང་མི་མང་ཧ་ཅང་ཁྱོན་ཆེ་འདུ་འཛོམས་ཐུབ་པ་ནི་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་རང་དབང་མེད་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་རྒྱབ་སྐྱོར་ཡག་ཤོས་དང་། ཁོང་ཚོའི་རེ་འདུན་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྣ་བར་བླུག་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བྱས་ན་མ་འགྲིག་པ་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་བཅས།།