༢༠༡༡ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་ནས་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་བཏང་གནས་ནང་འཁོད་དོན། འདི་ལོའི་ཕྱི་ཟླ་ ༡༠ ངལ་རྩོལ་གུང་སེང་འཁེལ་བ་དང་བསྟུན་ཨོག་ལན་ཌི་བོད་རིགས་མཐུན་ཚོགས་ནས་ནིའུ་ཛི་ལན་ཌིར་གནས་སྡོད་བོད་རིགས་རྣམས་འདུ་འཛོམས་ཤིག་གོ་སྒྲིག་ཞུ་སྐབས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་གདན་ཞུས་ལྟར་ཚོགས་བཅར་ཞུས་ཡོད། དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཨོག་ལན་ཌི་དང་། ཌི་ནི་ཌེན། ཁ་ར་ཡི་སི་ཅར་ཅ། ནེལ་སེན། ཝེ་ལིང་ཌོན། ཝང་ག་རེ་ཁུལ་སོགས་ནང་གནས་སྡོད་མཁན་བླ་དགེ་བཤེས་དང་བོད་མི། དེ་བཞིན་བོད་རྒྱ་མཛའ་འབྲེལ་ཚོགས་པའི་ཚོགས་མི་བཅས་མི་གྲངས་ ༤༠ ལྷག་འདུ་འཛོམས་སྐབས། སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་རྗེས། བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གིས་སྐུ་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ལ་མྱང་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་རྗེས་སྨོན་ལམ་གསུང་འདོན་གནང། དེ་རྗེས་༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་བོད་མི་མང་ནས་འོས་བསྡུ་བྱས་པའི་དབུ་ཁྲིད་ལ་གསོལ་རས་སྩལ་བ་དང། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ལམ་སྟོན་སྲིད་བྱུས་སྐོར་དང། བོད་ཀྱི་ཆབ་སྲིད་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཅས་ཀྱི་སྐོར་འགྲེལ་བརྗོད་དང་དྲི་བར་ལན་འདེབས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་དཔར་བསྐྲུན་ཞུས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད་དེབ་ཕྲེང་བོད་ཡིག་དང་རྒྱ་ཡིག་དེ་བཞིན་དབྱིནཡིག་སོགས་མི་མང་རྣམས་ལ་འགྲེམས་སྤེལ་གནང་ཡོད། ཕྱི་ཚེས་ ༢༣ ཉིན་ས་གནས་བོད་རིགས་མཐུན་ཚོགས་ཁག་ཚགས་ཚུད་ཡར་རྒྱས་ཡོང་ཐབས་དང། དོན་གཅོད་ལས་ཁུངས་དང་བོད་རིགས་མཐུན་ཚོགས་དབར་འབྲེལ་ལམ་གོང་འཕེལ་གཏོང་ཕྱོགས་བཅས་ཀྱི་སྐོར་ལ་གོ་བསྡུར་སྦྱངས་བཤད་གནང་ཡོད། ཕྱི་ཚེས་ ༢༤ ཉིན་ཨོག་ལན་ཌི་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ལ་གནས་མཇལ་དང་ཆོས་དགེ་ལྷན་མཇལ་མོལ་གནང་། ཉིན་རྒྱབ་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ནས་བོད་རིགས་དང་རྒྱ་རིགས་དབར་འབྲེལ་ལམ་དམ་ཟབ་ཡོང་སླད། གསོལ་སྟོན་གཤོམ་སྐབས་རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་ལ་བོད་དོན་འགྲེལ་བརྗོད་དང་། རྒྱ་རིགས་མི་མང་ལ་བོད་དོན་སྐོར་གོ་རྟོགས་སྤེལ་རྒྱུའི་རེ་བསྐུལ་ཞུས། དགོང་དྲོ་དཔལ་སྤུངས་ཐུབ་བསྟན་ཆོས་ཀྱི་དགའ་ཚལ་ནས་ནིའུ་ཛི་ལན་ཌིར་འཛམ་གླིང་ཞི་བདེའི་སླད་དཔལ་བཀའ་བརྒྱུད་སྨོན་ལམ་དང་། རྒྱལ་བ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་ལོ་ ༩༠༠ འཁོར་བའི་དུས་དྲན་གོ་སྒྲིག་གི་མཛད་སྒོར་མགྲོན་འབོད་ལྟར་ལྷན་བཅར་ཞུས་ཡོད་པ་བཅས།།
ཨོ་སི་ཊོ་ལི་ཡའི་དོན་གཅོད་ནིའུ་ཛི་ལན་ཌི་ཁུལ་དུ་གཟིགས་སྐོར་ཕེབས་པ།
གསར་གནས།
འབྲེལ་གནས།