༢༠༡༡ ཟླ་ ༡༠ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༦ ཉིན་བཏང་གནས་ནང་འཁོད་དོན། འདི་ལོ་ཕྱི་ལོ་ ༢༠༡༡ ནི་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་འཁེལ་བ་ལྟར། ས་གནས་གང་སར་གསར་བརྗེ་དེ་དྲན་གསོ་བྱེད་པའི་མཛ་སྒོ་སྣ་ཚོགས་ཤིག་སྤེལ་གྱི་ཡོད། ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་པེ་ཅིང་དཔྱིད་ཀའི་དུས་དེབ་ཁང་དང་། མང་གཙོ་ཚོགས་པས་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་གྲོང་ཁྱེར་ནིའུ་ཡོཀ་གི་རྒྱ་གྲོང་ཕྷེ་ལ་ཤིང་ཁུལ་དུ་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་བརྒྱ་འཁོར་བར་དྲན་གསོ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཞིང་། ཚོགས་འདུ་དེར་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། ཆབ་སྲིད་ཉམས་ཞིབ་པ། དེ་བཞིན་ཐེ་ཝན་དང་། ཧོང་ཀོང་གི་སྐུ་ཚབ་གདན་ཞུ་བྱས་ཡོད་པ་ལྟར། ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱང་གདན་ཞུས་ལྟར་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་ཡོད།
བཞུགས་མོལ་ཚོགས་འདུར་ཕེབས་མཁན་ཚོས་ལྕགས་ཕག་ལོའི་གསར་བརྗེ་དང་འབྲེལ་བའི་བསམ་ཚུལ་མདོར་བསྡུས་ཤིག་ཤོད་དགོས་པ་ལྟར་ཟུང་དྲུང་ཀུན་བཀའ་བཀྲིས་ལགས་ཀྱིས་ལྕགས་ཕག་ལོའི་གསར་བརྗེ་ལས་འཕྲོས་ཏེ་བོད་རྒྱའི་འབྲེལ་ལམ་སྐོར་གསུང་བཤད་གནང་ཡོད་པ། དེ་ཡང་ཁོང་གིས། ༡༽ ཕྱི་ལོ་ ༡༩༡༡ ལོར་བྱུང་བའི་ལྕགས་ཕག་ལོའི་གསར་བརྗེ་ནི་རྒྱ་ནག་གི་གོང་མའི་ལམ་ལུགས་མཇུག་སྒྲིལ་ནས་སྤྱི་མཐུན་རྒྱལ་ཁབ་ལ་བསྐྱོད་པའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ཡིན་པའི་སྐོར་དང།
༢༽ ལོ་རྒྱུས་ཐོག་བོད་དང་རྒྱ་ནག་གི་འབྲེལ་བ་ནི་འཆམ་མཐུན་དུ་གནས་པའི་སྐབས་ཤིག་བྱུང་ཡོད་ལ། འཁྲུག་འཛིང་བརྒྱབ་པའི་དུས་ཚོད་ཀྱང་བྱུང་ཡོད། འོན་ཀྱང་དུས་ཡུན་མང་ཆེ་བ་འཆམ་མཐུན་དུ་གནས་ཡོད་པའི་སྐོར།
༣༽ ཡིན་ན་ཡང་ཆིང་རྒྱལ་རབས་ཀྱི་དུས་མཇུག་སྟེ། ཕྱི་ལོ་ ༡༩༡༡ གི་ལྕགས་ཕག་ལོའི་གསར་བརྗེ་མ་ལངས་ཙམ་ལ་ཆིང་གོང་མའི་སྲིད་གཞུང་གིས་བོད་ཤར་ཕྱོགས་ཁུལ་དུ་རང་སྣང་གང་དྲན་གྱིས་བཅོས་སྒྱུར་གྱི་ལས་འགུལ་བརྩམས་པ་དང་། བོད་པས་མོས་མཐུན་མེད་བཞིན་དུ་ལྷ་སར་དམག་མི་བཏང་སྟབས་༸རྒྱལ་མཆོག་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་རེ་ཞིག་རྒྱ་གར་དུ་ཉེན་གཡོས་ཕེབས་དགོས་བྱུང་བ། ལོ་གཅིག་གི་རྗེས་ཏེ་ལྕགས་ཕག་ལོའི་གསར་བརྗེ་ལངས་རྗེས་བོད་པས་ཆིང་གོང་མའི་དཔོན་རིགས་དང་། རྒྱ་ནག་གི་དམག་དཔུང་བོད་ནས་ཕྱིར་ཕུད་བཏང་བའི་སྐོར།
༤༽ ཆིང་གོང་མའི་སྲིད་གཞུང་གིས་རང་འདོད་ཀྱིས་བརྩམས་པའི་བཅོས་བསྒྱུར་གྱི་ལས་འགུལ་དེས་རྐྱེན་བྱས་ཏེ་ལྕགས་ཕག་ལོའི་གསར་བརྗེའི་རྗེས་བོད་རྒྱ་ཁ་གཏད་དུ་གྱུར་བའི་སྐོར། དེར་བརྟེན་ལྕགས་ཕག་ལོའི་གསར་བརྗེ་དྲན་གསོ་བྱེད་སྐབས་གོང་གི་ཆིང་གོང་མའི་སྲིད་གཞུང་གི་བྱེད་སྟངས་དེ་ནོར་འཁྲུལ་ཞིག་ཡིན་པ་ཁས་ལེན་མི་བྱེད་ཀ་མེད་ཡིན་པའི་སྐོར།
༥༽ གལ་སྲིད་ཆིང་གོང་མའི་སྲིད་གཞུང་གིས་རང་འདོད་ཀྱིས་བོད་མིའི་བློ་ལ་མ་འབབ་པའི་བཅོས་བསྒྱུར་བྱས་མེད་པ་དང་། ལྕགས་ཕག་ལོའི་གསར་བརྗེས་རྒྱ་ནག་ལ་མིང་དོན་མཚུངས་པའི་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐུབ་ཡོད་ན། བོད་རྒྱ་གཉིས་ཀྱི་འབྲེལ་བ་དེ་ད་ལྟ་ནང་བཞིན་ཆགས་ཡོད་མེད་བསམ་ཞིགས་བྱེད་རྒྱུ་གལ་ཆེ་ཡིན་པའི་སྐོར།
༦༽ ༡༩༡༡ གི་ལྕགས་ཕག་ལོའི་གསར་བརྗེ་ནས་ ༡༩༤༩ ལོར་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་གྱི་ལོ་ངོ་ ༣༨ རིང་གི་བོད་རྒྱའི་འབྲེལ་བ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་མིན་དྲང་བདེན་གྱི་ལོ་རྒྱུས་མཁན་ཞིག་ཡིན་ན་གསལ་པོ་ཤེས་ཀྱི་ཡོད་པ་དང་། གལ་སྲིད་ལོ་རྒྱུས་གླེང་པ་ཡིན་ན། འདས་ཟིན་པའི་བྱུང་རབས་གླེང་དགོས་ཤིང་། འདས་ཟིན་པའི་བྱུང་རབས་དངོས་གླེང་པ་ཡིན་ན། བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཆགས་མེད། དེ་ནི་དངོས་དོན་ལོ་རྒྱུས་རེད། འོན་ཀྱང་ ༡༩༧༤ ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལོ་རྒྱུས་ཀྱི་གནས་བབ་བོད་རང་བཙན་སླར་གསོ་བྱེད་པའི་ལངས་ཕྱོགས་ལ་འགྱུར་བ་བཏང་བ་གནང་སྟེ། མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་བྱེད་པའི་དབུ་མའི་ལམ་ནི་ད་ལྟའི་སྲིད་བྱུས་ཡིན་པའི་སྐོར།
༧༽ ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་བརྒྱ་འགྲོ་གི་ཡོད་ཀྱང་། རྒྱ་ནག་ནང་དངོས་གནས་ཀྱི་སྤྱི་མཐུན་དང་། དམངས་གཙོ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་ངོས་ནས་བོད་རྒྱ་གཉིས་ཀར་ཕན་པ་དང་། འཇིག་རྟེན་གྱི་གཅེས་ནོར་ལྟ་བུ་ཡིན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་སླད་དུ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་བྱུང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་བསྡད་འདོད་ཡོད་པའི་ལངས་ཕྱོགས་བཟུང་གི་ཡོད་ཀྱང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཟང་ཕྱོགས་ཀྱི་བརྡ་ལན་མ་བྱས་པར། དེ་ལས་ལྡོག་སྟེ་སྡིག་པ་མིག་བཙུམ་ངང་བོད་ནང་ཆེས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་ལེན་བྱེད་ཀྱི་ཡོད་པ་དེས། ང་ཚོའི་མི་རབས་རྗེས་མ་རྣམས་ལམ་གཞན་དུ་འགྲོ་རྒྱུའི་འབུད་བཀྱག་རྒྱག་གི་ཡོད་དམ། རྒྱ་རིགས་གྲོགས་པོ་རྣམ་པས་གནད་དོན་དེ་ཚོར་ངེས་པར་དུ་བསམ་ཞིགས་གནང་དགོས་པའི་སྐོར་གསུངས་ཡོད།བཞུགས་མོལ་ཚོགས་འདུ་དེ་ནི་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་ནས་དགོང་དྲོ་ ༦ བར་ཚོགས་ཤིང་། མི་གྲངས་ ༥༠ ཙམ་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་དང་། ཚོགས་འདུ་བ་ཚོས་སྐར་མ་བཅུ་རེའི་ནང་སོ་སོའི་བསམ་ཚུལ་གསུང་ཚར་བའི་རྗེས་དམང་གཙོ་ཚོགས་པའི་འགོ་ཁྲིད་གྲས་ཝང་ཅུན་ཐའོ་ཡིས་མཇུག་སྡོམ་གྱི་གསུང་བཤད་གནང་རྗེས་ཕྱི་དྲོ་ཚོགས་འདུ་བ་ཚང་མར་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་བཤམས་ཡོད་པ་བཅས།།