༢༠༡༡ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་བོད་ནང་བོད་མི་དགུས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་པར། ཕ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇི་ཡན་ལུ་ཝི་སི་བྷེན་ཀོ་(Mr. Jean-Louise Bianco)མཆོག་གིས་ཕ་རན་སི་སྲིད་གཞུང་ལ་རྒྱ་ནག་དང་ལྷན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་དགོས་པའི་འབོད་སྐུལ་ཞུས་ཡོད། གནད་དོན་དེ་དང་འབྲེལ་ནས་ཁོང་གིས་གསུང་དོན། ངས་བོད་རྔ་པའི་ཁུལ་དུ་འབྱུང་བཞིན་པའི་དོན་རྐྱེན་དེ་དག་ལ་ཞིབ་ཚགས་ཐོག་རྟོག་ཞིབ་བྱེད་བཞིན་ཡོད། གནས་ཚུལ་དེ་དག་ལ་ང་རང་ཧང་སངས་བྱུང་། ཕྱོགས་མཚུངས་ཛ་དྲག་གི་བོད་ཅེས། པའི་ཚོགས་པ་དེའི་ཚོགས་གཙོས་ཕ་རན་སིའི་སྲིད་འཛིན་ནི་ཁོ་ལ་སར་ཀོ་ཛིར་ཕུལ་བའི་ཞུ་སྙན་དེ་ངས་བཀླགས་པ་ཡིན། ཞུ་སྙན་དེའི་ནང་སྲིད་འཛིན་མཆོག་གིས་ད་ལྟ་བོད་ནང་རྒྱ་གཞུང་གིས་བོད་མི་ཚོར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། མང་གཙོའི་རྒྱལ་ཁབ་གི་དབུ་ཁྲིད་ཚོས་ཐུན་མོང་ཐོག་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གནང་རོགས་ཞེས་འཁོད་འདུག ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡ ཉིན་ངའི་ཆབ་སྲིད་ཚོགས་པའི་ལས་རོགས་པེཊ་རིག་བྷོ་ལོ་ཆེ་(Patric Bloche) མཆོག་དང་ལྷན་ངས་ཕ་རན་སིའི་ཕྱི་སྲིད་དང་ཡུ་རོབ་ལས་དོན་ཚོགས་ཆུང་གི་བློན་ཆེན་མཆོག་ལ་བོད་ནང་བོད་པའི་དགེ་འདུན་པ་ཚོ་དང་གྲངས་ཉུང་མི་རིགས་ཚོར་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་བཞིན་པའི་དོན་རྐྱེན་སྐོར་དྲི་བ་བཏང་བ་ཡིན། དྲི་བ་དེ་དག་བརྒྱུད་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཡོང་ཆེད་ཕ་རན་སིའི་གཞུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ལག་བསྟར་བྱ་རྒྱུའི་གོ་སྐབས་ཤིག་ང་ཚོར་ཐོབ་ཡོད། དེ་རྗེས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་བྱུང་རྗེས་རྒྱ་ནག་གཞུང་གིས་ཁུལ་དེར་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་ཡོད། ཕ་རན་སིའི་མངའ་སྡེའི་བློན་ཆེན་རྣམ་པས་རྒྱ་ནག་གི་འབྲེལ་ཡོད་བློན་ཆེན་ཚོར་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་དང་བོད་རྒྱའི་འབྲེལ་མོལ་སྐོར་གླེང་སློང་མུ་མཐུད་གནང་བཞིན་ཡོད་སྐོར་གསལ་བཤད་གནང་བྱུང་། སི་ཁྲོན་ཞིང་ཆེན་དུ་བདུན་ཕྲག་གསུམ་གྱི་ནང་བོད་པའི་དགེ་འདུན་པ་ལྔས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་དོན་རྐྱེན་བྱུང་བ་དེས་ད་ལྟ་བོད་མི་ཚོའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འཛིན་བཞིན་པའི་སྲིད་བྱུས་དེས་ཕན་འབྲས་མེད་པ་ཞིག་ཡིན་པ་གསལ་པོ་ཆགས་ཡོད། དེར་བརྟེན་ཕ་རན་སིའི་སྲིད་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་མི་ཚོར་རྒྱབ་སྐྱོར་གྱི་འབོད་སྒྲ་དེ་བཞིན་ངེས་པར་དུ་ཚང་མས་གོ་ཐུབ་པ་ཞིག་བཟོ་དགོས། ངས་རང་ནུས་གང་ཡོད་ཐོག་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།།
རྒྱ་ནག་དང་ལྷན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་པའི་འབོད་སྐུལ་ཞུས་པ།
གསར་གནས།

འབྲེལ་གནས།
