༢༠༡༡ ཟླ་ ༡༠ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༤ ཉིན་གསེར་རྟ་དང་རྔ་བའི་ཛ་དྲག་གནས་སྟངས་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་༡ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ། བོད་མི་ཚོས་བོད་ལ་རང་དབང་དགོས་པ་དང་། ཆོས་དད་རང་དབང་དགོས་པ། འགྲོ་འདུག་རང་དབང་དགོས་པ། སྨྲ་བརྗོད་རང་དབང་དགོས་པ། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་གཞན་ལ་ཡོད་པའི་རང་དབང་དེ་དག་ང་ཚོ་བོད་ལ་ངེས་པར་དུ་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ཤོག བོད་རྒྱལ་བོད་རྒྱལ་ལོ་ཞེས་བཀོད་ཡོད་པའི་ཡིག་ཆ་བཀྲམ་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད།
དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་རྔ་པ་རྫོང་། ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཚུར་དྲིས་ཚང་གི་ཕ་ཚུར་དྲིས་དང་མ་བདེ་མཆོག་གཉིས་ཀྱི་བུ་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་སྐལ་བཟང་དབང་ཕྱུག རང་ལོ་ ༡༧ ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་པ་དང་རང་ལུས་ལ་མེ་སྦར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག་མོད། དེ་མ་ཐག་རྒྱ་དམག་གིས་བསྐོར་ནས་མེ་བསད་ཅིང་གཅར་རྡུང་དྲག་པོ་གཏོང་བཞིན་ཁྱེར་ཡོད་པ་རེད། དེང་སྐབས་བོད་ནང་གི་བོད་མི་ཚོས་རང་དབང་གི་ཆེད་དུ་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེ་རུ་སྒྲོན་པ་དང། ༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཕྱར་ནས་ཁྲོམ་གཞུང་དུ་དྲག་གནོན་ལ་ཞུམ་པ་མེད་པའི་ཐོག་ནས་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་འདིས། རྒྱ་ནག་སྲིད་གཞུང་གིས་བོད་མིའི་ཐོག་དམ་དྲག་དང་གཉའ་གནོན་ཇི་ཙམ་བྱེད་བཞིན་ཡོད་པ་མཚོན་གྱི་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས། རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་ཕྱོགས་ལྷུང་ཅན་གྱི་སྲིད་ཇུས་ལ་འཕྲལ་དུ་འགྱུར་ལྡོག་གཏོང་དགོས་པའི་སྐུལ་མ་ནན་པོ་བྱེད་དགོས་པ་དང་། གལ་ཏེ་ཉེན་ཚབས་ཆེ་བའི་གནད་དོན་འདི་དག་རྒྱ་ཡན་དུ་བཏང་ན་བོད་ནང་རང་ལུས་མེ་ལ་བསྒྲོན་པའི་དཀའ་སྡུག་ཆེ་བའི་ལས་འགུལ་མང་དུ་འགྲོ་ངེས་ཡིན་ལ། དེ་བཞིན་རྒྱལ་གཅེས་དཔའ་བོ་དེ་དག་གི་བསམ་དོན་ཡིད་བཞིན་འགྲུབ་པ་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་གསོ་དང་། རྒྱ་ནག་གཞུང་ལ་ངེས་པར་དུ་དེའི་ཕྱོགས་ལ་བསམ་གཞིགས་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད། ཅེས་འཁོད་འདུག་པ་བཅས། །
གསེར་རྟ་དང་རྔ་བའི་ཛ་དྲག་གནས་སྟངས་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ།
གསར་གནས།
འབྲེལ་གནས།