༢༠༡༡ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཕུར་བུའི་ཉིན་ཨི་ཊཱ་ལིའི་གྲོང་ཁྱེར་ཨ་སི་སིའི་(Assisi)ནང་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་དབུ་བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་ཐོག་༸གོང་ས་མཆོག་གི་སྐུ་ཚབ་ཏུ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ཡོད། མཛད་སྒོའི་ཐོག་མར་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་དེ་བཞིན་ཕྱི་ལོ་ ༡༩༨༦ ལོར་ཐོག་མར་འཛུགས་སྐབས་ཀྱི་གློག་བརྙན་ཞིག་སྟོན་སྐབས་༸གོང་ས་མཆོག་དང་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་བཅས་བསྟན་ཡོད། དེ་རྗེས་ཆོས་ལུགས་དབུ་ཁྲིད་ཚོས་གསུང་བཤད་སྙིང་བསྡུས་ཤིག་གནང་ཡོད། སྐབས་དེར་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དབུ་ཁྲིད་རྣམ་ཡི་ཤུའི་བླ་ཆེན་པོབ་བྷེ་ནི་ཌིག་ ༡༦ མཆོག་དང་མཇལ་འཕྲད་གནང་ཡོད། འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་ཞེས་པ་དེ་ཐོག་མར་ཕྱི་ལོ་ ༡༩༨༦ ལོར་དེ་སྔ་ཡི་ཤུའི་བླ་ཆེན་པོབ་ཇོན་པོལ་(Pop John Paul)མཆོག་དབུ་བཞུགས་ཐོག་དབུ་འཛུགས་གནང་བ་ཞིག་ཡིན་འདུག འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ནང་ཞི་བདེ་དང་དྲང་བདེན་ཆེད་ཕན་ཚུན་གྲོས་མོལ་དང་སྨོན་ལམ་གྱི་ཐོག་ནས་འབད་བརྩོན་གནང་རྒྱུ་དེ་ཡིན་འདུག
གཞན་ཡང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སླར་ཡང་ཡི་ཤུའི་བླ་ཆེན་མཆོག་དང་ཁྱུག་ཙམ་མཇལ་འཕྲད་ཞུས་ཡོད། སྐབས་དེའི་མཛད་སྒོའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལགས་དང་བསྟན་འཛིན་བློ་གསལ་ལགས་ཀྱང་མཉམ་བཞུགས་གནང་འདུག ཐེངས་འདིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཞི་བདེའི་སྨོན་ལམ་མཛད་སྒོར་འཛམ་གླིང་ཁྱོན་ཡོངས་ནས་ཆོས་ལུགས་ཀྱི་དབུ་ཁྲིད་ ༢༨༠ ཙམ་ལྷན་འཛོམས་བྱུང་ཡོད་པ་བཅས།།