༢༠༡༡ ཟླ་ ༩ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༩ ཉིན་ཨ་རིའི་གཞུང་ནས་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་མེར་སྲེག་སྐབས་འགོག་རྐྱེན་བཟོས་པའི་ཉེས་མིང་འོག་ལོ་ ༡༡ ཁྲིམས་ཐག་བཅད་པར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད།
དེ་ཡང་ཟླ་ ༨ ཚེས་ ༣༠ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་ལྷན་ཚོགས་སྐབས་རྒྱ་ནག་གཞུང་གིས་ཉེ་ལམ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་ལོ་ ༡༡ ཁྲིམས་ཐག་བཅད་པར་ཨ་རིའི་གཞུང་ལ་སེམས་འཚབ་ཡོད་ཅེས་གསུངས་པ་མ་ཟད། ཁྲིམས་བཅད་དེ་རྒྱལ་སྤྱིའི་ཁྲིམས་དང་མཐུན་མིན་དོགས་གཞིའི་གནས་ཡིན་སྐོར་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་གསལ་བསྒྲགས་དེའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བརྩོན་འགྲུས་ལགས་ལ་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད། འོན་ཀྱང་ཁོང་ལ་རྒྱལ་སྤྱི་དང་རྒྱ་ནག་གཞུང་གི་རྩ་ཁྲིམས། དེ་བཞིན་རྒྱ་ནག་གཞུང་གི་ཡུལ་ཁྲིམས་ནང་གསལ་བའི་ཁྲིམས་རྩོད་བྱ་རྒྱུའི་ཐོབ་ཐང་དེ་དག་སྤྲད་ཡོད་མེད་གསལ་པོ་གང་ཡང་མེད།
ང་ཚོས་རྒྱ་ནག་གཞུང་ལ་རང་གི་མི་སེར་ཚོར་ཕྱི་གསལ་ནང་གསལ་ཐོག་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གསལ་བའི་ཁྲིམས་རྩོད་བྱ་རྒྱུའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་བབས་ལས་མི་བརྒལ་བ་ཞིག་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་མ་ཟད། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ནང་གསར་འགོད་པ་དང་གཞུང་འབྲེལ་སྐུ་ཚབ་རྣམས་ལ་དམ་བསྒྲགས་མ་བྱས་པར་ལྟ་སྐོར་དུ་འགྲོ་འཇུག་དགོས་པའི་འབོད་སྐུལ་ཡང་ཡང་བྱས་ཡོད། དེ་ལྟར་བྱུང་ན་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་རྟོགས་ཐུབ་རྒྱུ་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་གི་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེས་བོད་མི་ཚོར་དཀའ་ངལ་བཟོ་བཞིན་ཡོད། དེར་བརྟེན་སྲིད་བྱུས་དེར་བསྐྱར་ཞིབ་ཐོག་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་བྱ་རྒྱུའི་རེ་འདུན་འདོན་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་པ་བཅས།།
རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་ལ་ལོ་ ༡༡ ཁྲིམས་ཐག་བཅད་པར་ཨ་རིའི་གཞུང་གིས་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ།
གསར་གནས།

འབྲེལ་གནས།
