༢༠༡༡ ཟླ་ ༩ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༧ རེས་གཟའ་མིག་དམར་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཝང་ག་རི་མཱ་ཐའི་(Wangari Maathai)མཆོག་འདས་གྲོངས་སུ་གྱུར་བར་བརྟེན་ཁོང་གི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ལྕམ་སྐུ་ཝང་ག་རི་མཱ་ཐའི་མཆོག་གིས་ཀེ་ནི་ཡའི་ནང་(Kenya)ཁོར་ཡུག་སྲུང་སྐྱོབ་ཆེད་བཙུགས་པའི་ལྗང་གུ་ཚོགས་པའི་ལས་འགུལ་ཐེབས་རྩ་ཁང་(Green Belt Movement)ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན།
ལྕམ་སྐུ་ཝང་ག་རི་མཱ་ཐའི་དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་མི་ཚེ་དོན་དང་ལྡན་པའི་ཐོག་བསྐྱལ་གནང་ཡོད་པ་མ་ཟད། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་དང་བུད་མེད་ཀྱི་ཐོབ་ཐང་། གཞུང་གི་ལས་དོན་ཕྱི་གསལ་ནང་གསལ་ཡོང་ཐབས་བཅས་ལ་ཆོད་སེམས་བརྟན་པོས་འབད་བརྩོན་གནང་བ་དེ་དག་ལ་ང་ཚོས་གུས་བརྩི་ཆེན་པོས་རྗེས་དྲན་ཞུ་རྒྱུ་ཡིན། དམ་པ་ཁོང་གིས་འཛམ་གླིང་ནང་ཞི་བདེ་དང་སྤྱི་ཚོགས་ཀྱི་གནས་སྟངས་བཟང་དུ་གཏོང་ཆེད་འབད་བརྩོན་གནང་རྒྱུའི་དམ་བཅའ་བརྟན་པོ་བཟུང་ཡོད། ངོས་ཀྱིས་རེ་བར་དམ་པ་ཁོང་གི་མཛད་རྗེས་དེས་བུད་མེད་གཞན་ཚོར་སེམས་ཤུགས་དང་བློ་སྤོབས་བསྐྲུན་རྒྱུར་ཕན་ཐོགས་ཡོང་རྒྱུ་ཙམ་མ་ཟད། མིག་དཔེ་འོས་པ་ཞིག་ཏུ་འགྱུར་ཏེ་བུད་མེད་ཚོས་སྤྱི་ཚོགས་ཁྲོད་ལས་འགུལ་ནང་ཆ་ཤས་མང་ཙམ་བླང་ནས་མཉམ་ཞུག་བྱ་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་འཁོད་ཡོད། གསུང་འཕྲིན་ངོ་མ་དབྱིན་ནང་ཡོད་པ་ནས་ཕྱི་དྲིལ་བོད་ཡིག་ཚན་པ་ནས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།
༸གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་སྩལ་བ།
གསར་གནས།
འབྲེལ་གནས།