༢༠༡༡ ཟླ་ ༨ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་སྐབས་གསུམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཁྲི་འདོན་མཛད་སྒོ་ཉིན་གཉིས་པ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་གཟབ་རྒྱས་ངང་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆེད་དུ་ཕེབས་པའི་གནད་ཡོད་སྐུ་མགྲོན་རྣམ་པ་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ་དང་འགན་འཛིན་རྣམ་པ། བཞུགས་སྒར་དུ་གནས་འཁོད་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དགོན་སྡེ་གྲྭ་ཚང་གི་སྐུ་ཚབ་རྣམ་པ། ཕྱི་ནང་གི་གསར་འགོད་པ་རྣམ་པ། དེ་བཞིན་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༢༥༠༠ བརྒལ་བ་ལྷན་འཛོམས་ཀྱི་དབུས་སུ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་མཛད་སྒོར་ཕེབས་རྗེས་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་འབུལ་མུར་བཀའ་ཁྲི་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་ཞུས།
དེ་ནས་གནད་ཡོད་སྐུ་མགྲོན་ཐེ་ཝན་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཅེན་ཅིཧ་ཇུ་དང་། ཉི་ཧོང་དམངས་གཙོ་ཚོགས་པའི་སྐུ་ཞབས་སཨེཤཱ་མཱ་ཀི་ནི། སོག་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སྦཏ་ཇར་གལ་སྦཏ་སྦ་ཡར། བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་གྷོ་ཊམ། རྒྱ་གར་བོད་དོན་ཚོགས་པའི་རྒྱལ་ཡོངས་བཀོད་འདོམས་པ་མཁས་དབང་ཨེན་ཀཱེ་ཏྲི་ཁཱ། སྦེལ་ཇིམ་ཡུ་རོབ་སྤྱི་མཐུན་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཨི་ཝ་ལིཆ་ཏིན་སྦར་གྷར། ཨར་རྒྱ་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་མཁས་དབང་ཡང་ཇིནཨན་ལི། ཕེཊ་རིཅ་ནོ་འོ་མན་ཚོགས་པའི་ངེས་སྟོན་པ་སྐུ་ཞབས་སེག་ཕེ་རཱ་ཨིཊ་ཧིར་ཛོག ཨི་ཊ་ལི་གྲོས་ཚོགས་ཀྱི་ཚོགས་མི་དང་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཊ་ཊིཨོ་མཱཀ་སི་བཅས་ཀྱིས་བཀའ་ཁྲི་མཆོག་ལ་འཚམས་འདྲི་དང་བོད་དོན་ལ་རྒྱབ་སྐྱོར་ཞུ་རྒྱུའི་གསུང་བཤད་རིམ་པས་གནང་ཡོད། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་སྒྲ་བརྙན་དཀྲོལ་གཏོང་གི་ལམ་ནས་གཞས་སྣ་གཏོང་སྐབས་རྡ་སའི་ཉེ་འཁོར་དགོན་སྡེ་ཁག་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ་སོགས་ཀྱིས་བཀའ་བློན་ཁྲི་པར་འཚམས་འདྲིའི་མཇལ་དར་ཕུལ། དེ་ནས་བོད་ཀྱི་ཟློས་གར་དང་ཐང་སྟོང་གླུ་གར་ཚོགས་པས་གཙོས་རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་ནས་ཁྱོན་གཞས་སྣ་ ༡༢ དེར་འདུས་སྐུ་མགྲོན་དང་མི་མང་རྣམས་ལ་འཁྲབ་སྟོན་གྲུབ་མཚམས་བཀའ་ཁྲི་མཆོག་གིས་ཕྱི་ནང་སྐུ་མགྲོན་དང་མང་ཚོགས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་གཉིས་པའི་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་གནང་ཡོད་པ་བཅས། །
བཀའ་ཁྲི་སྐབས་གསུམ་པའི་ཁྲི་འདོན་མཛད་སྒོ་ཉིན་གཉིས་པ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་གཟབ་རྒྱས་ངང་ཚོགས་པ།
གསར་གནས།
འབྲེལ་གནས།