༢༠༡༡ ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཉི་ཧོང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༨ རེས་གཟའ་ཉི་མའི་ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་(Tokyo)ནང་རྟེན་གཞི་བྱས་པའི་ཇོན་ཇི་(Joenji)ནང་པའི་ལྷ་ཁང་དུ་བོད་རིགས་དང་ཉི་ཧོང་མི་མང་བཅས་ཀྱིས་རྒྱལ་གཅེས་པ་ཚེ་དབང་ནོར་བུ་ལགས་དམ་པ་དེའི་བདུན་ཚིགས་གཉིས་པ་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་རྒྱ་ཆེ་ཞིག་ཚོགས་ཡོད། མཆོད་འབུལ་སྨོན་ལམ་དེ་བཞིན་ཉི་ཧོང་སྐུ་ཚབ་དོན་ཁང་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག
སྐབས་དེར་སྒྲོལ་མ་དང་ཤེས་རབ་སྙིང་པོ། མ་ཎི། གུ་རུའི་མཚན་སྔགས་བཅས་གསུང་འདོན་གནང་ཡོད་པ་མ་ཟད། ཉི་ཧོང་དགེ་སློང་མཐུན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ཀོ་བྷ་ཡ་ཤི་མཆོག་གིས་དབུ་ཁྲིད་དེ་ཉི་ཧོང་སྐད་ཐོག་ཤེས་རབ་སྙིང་པོ་(Hangyashingyo)ཡང་གསུང་འདོན་གནང་ཡོད།
མཆོད་འབུལ་སྨོན་ལམ་དེའི་སྐབས་ཉི་ཧོང་སྐུ་ཚབ་དོན་ཁང་གི་འབྲེལ་མཐུད་པ་ཟུང་དྲུང་ཚེ་དབང་རྒྱལ་པོ་ཨར་ཡ་ལགས་ཀྱིས་ཚོགས་གཅར་བ་རྣམས་ལ་མཆོད་འབུལ་སྨོན་ལམ་གྱི་ངོ་སྤྲོད་དང་སྦྲགས་གསུང་བཤང་གནང་དོན། བོད་མི་ཚོས་རྒྱ་ནག་གཞུང་ལ་རང་དབང་དང་དྲང་བདེན་དགོས་པའི་རེ་འདུན་བཏོན་པ་དེར་རྒྱ་ནག་གཞུང་ཕྱོགས་ནས་དུས་རྟག་ཏུ་དྲག་གནོན་འོག་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད།
འདི་ལོའི་ཕྱི་ཟླ་ ༣ ནང་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་སྟེ་ཞི་རྒོལ་གནང་ཡོད་པ་དང་། ཐེངས་འདིར་བོད་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་ཞུགས་འབུལ་གནང་རྗེས་རྒྱ་ནག་གཞུང་ཕྱོགས་ནས་དགོན་པ་དེ་གཉིས་ལ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་དེས་རྒྱ་གཞུང་གི་སྲིད་བྱུས་འོག་བོད་མི་ཚོས་དཀའ་ངལ་མྱོང་བཞིན་ཡོད་པ་དེ་གསལ་པོར་ར་སྤྲོད་ཐུབ་ཡོད། དེ་རིང་འདིར་མཆོད་འབུལ་སྨོན་ལམ་ཚོགས་པ་དེས་འཛམ་གླིང་མི་མང་ཚོས་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་པ་དེ་དག་ལ་མིག་ལྟ་བྱེད་བཞིན་ཡོད་པ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་པ་ཞིག་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད།
ཁོང་གིས་ཉི་ཧོང་གཞུང་མང་གཉིས་ནས་རྒྱ་ནག་དཔོན་རིགས་ཚོར་བོད་ཀྱི་གནད་དོན་གལ་ཆེར་འཛིན་ཏེ་བོད་མི་ཚོའི་དཀའ་ངལ་སེལ་དགོས་པའི་བསྐུལ་མ་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་ཡོད།
ཕྱོགས་མཚུངས་སྐུ་ཞབས་ཀོ་བྷ་ཡ་ཤི་མཆོག་གིས་གསུང་དོན། སྐུ་ཞབས་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དང་སྟབས་བསྟུན་བོད་ཀྱི་རྩ་དོན་ཆེད་རང་ལུས་ཞུགས་འབུལ་གནང་བ་དེས་ཁོང་གི་སེམས་ཚོར་ངོ་མ་ཇི་ཡིན་དངོས་ར་འཕྲོད་ཐུབ། དེར་བརྟེན་ངས་བོད་མི་ཚོའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རོགས་ཞེས་འདིར་འཁོད་མང་ཚོགས་རྣམས་ལ་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།
ཉི་ཧོང་དུ་རྒྱལ་གཅེས་པ་ཚེ་དབང་ནོར་བུ་ལགས་དམ་པ་དེའི་བདུན་ཚིགས་གཉིས་པར་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།
འབྲེལ་གནས།