༢༠༡༡ ཟླ་ ༨ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཇར་མན་གཙོ་བོ་གྱུར་བའི་སུད་སི་དང་སྦེལ་ཇམ། དེ་བཞིན་ཕ་རན་སི་བཅས་ནས་བོད་རིགས་མི་གྲངས་ ༢༥༠ བརྒལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་སྩལ་དོན། དེ་རིང་ཁྱུག་ཙམ་ཞིག་འདི་གར་ཁུལ་འདིར་ཡོད་པའི་བོད་མི་རྣམས་ནས་ངོས་རང་ཆེད་མངགས་ཐུག་པར་ཡོང་བར་བརྟེན། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། སྤྱི་ཡོངས་ཀྱི་ཆ་ནས་བརྗོད་ན་ང་ཚོ་བོད་མི་ས་ཁུལ་གང་དུ་ཡོད་ཀྱང་ཕལ་ཆེ་བས་ང་ཚོ་བོད་པས་ནམ་རྒྱུན་ཡ་རབས་དང་སེམས་པ་བཟང་པོ་བྱེད་རྒྱུའི་གོམས་གཤིས་དེ་མང་ཆེ་བར་ཡོད་པ་ལྟ་བུ་འདུག དེ་འདྲས་རྐྱེན་པའི་བོད་པ་ས་ཁུལ་གང་དུ་ཡོད་ཀྱང་ས་ཁུལ་དེའི་ཡུལ་པ་ཚོས་བོད་པ་ཧ་ཅང་ཡ་རབས་པོ་འདུག་ཅེས་དགའ་པོ་བྱེད་བཞིན་འདུག འདས་པའི་ལོ་ལྔ་བཅུ་ང་གཉིས་ལྷག་འགྲོ་བཞིན་ཡོད། དེའི་རིང་དེ་རིང་ཁ་སང་རིམ་པས་རེ་ཟུང་རེ་ཟུང་གིས་རྐུ་མ་བརྐུ་རྒྱུ་དང་རྒྱག་རེས་རྒྱག་རྒྱུ། དེ་བཞིན་རྫུན་ཤོད་རྒྱུ་ཕྲན་བུ་མང་དུ་འགྲོ་གི་ཡོད་པ་ལྟ་བུ་འདུག དེ་ཡང་ང་ཚོས་དམིགས་བསལ་དོ་སྣང་བྱེད་དགོས་པ་ཞིག་རེད། ང་ཚོ་བོད་པའི་རིན་ཐང་དེ་ང་ཚོ་རྒྱུ་ཕྱུག་པོ་ཡོད་པའི་རིན་ཐང་གང་ཡང་མེད། ཡང་དེང་དུས་ཀྱི་ཤེས་ཡོན་ཐོག་ནས་ང་ཚོ་ཁྱད་དུ་འཕགས་པ་དེ་འདྲ་གང་ཡང་མིན། ང་ཚོས་རྗེས་ལུས་ཐོག་བསྡད་ཡོད། འོན་ཀྱང་རྩ་བའི་མིའི་གཤིས་ཀ་བཟང་པོ་དང་ཡ་རབས་པོ་ཞེས་པ་དེ་ང་ཚོ་བོད་པར་ལོ་སྟོང་ཕྲག་རིང་ཕ་མེས་ཀྱི་དུས་ནས་དེ་འདྲའི་གོམས་གཤིས་བཟང་པོ་ཞིག་ཡོད་པ་དེ་རྩ་བའི་མིའི་རིན་ཐང་རེད། ཤེས་བྱ་ཡོན་ཏན་ཡོད་ཀྱང་ཡ་རབས་ཀྱི་སྤྱོད་པ་མེད་ན། གོ་ལོག་རྩེད་མཁན་ཆགས་ཀྱི་རེད། དེ་བཞིན་ཧ་ཅང་རྒྱུ་ཕྱུག་པོ་ཡོད་ཀྱང་ཡ་རབས་ཀྱི་སྤྱོད་པ་མེད་ན། མིས་མདུན་དུ་ག་རེ་ཡིན་རུང་མིན་རུང་རྒྱབ་ཏུ་འཕྱ་སྨོད་བྱེད་ས་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ཡ་རབས་སྤྱོད་བཟང་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་བརྩི་དགོས།
དེ་ནས་དོན་ཚན་གཅིག་དེ་ཁྱེད་རང་ཚོར་ཕྲུ་གུ་མང་པོ་འདུག གང་ལྟར་སོ་སོའི་ཤ་ཁྲག་རུས་གསུམ་དེ་བོད་པའི་ཤ་ཁྲག་རུས་གསུམ་ལས་མཆེད་པ་ཞིག་རེད། དེར་བརྟེན་ང་ཚོའི་སྐད་ཡིག་དེ་ཡིན་གཅིག་མིན་གཅིག་ཕྲུ་གུ་ཚོས་རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཨ་རི་སོགས་སུ་ཁ་ཤས་ཀྱིས་སོ་སོའི་ཕྲུ་གུ་དབྱིན་སྐད་བདེ་པོ་ཡོང་ཆེད་ཁྱིམ་ཚང་ནང་དབྱིན་སྐད་རྒྱག་རྒྱུར་དང་དོད་བྱེད་མཁན་ཁ་ཤས་ཡོང་གི་འདུག དེ་ནི་འཕྲལ་སེལ་གྱི་དགོས་པ་ཞིག་ཡོད་ཀྱང་ཕུགས་རྒྱང་རིང་པོའི་ཆ་ནས་རང་གི་སྐད་ཡིག་བརྗེད་སོང་ན་ཐབས་སྐྱོ་པོ་རེད། ང་ཚོ་བོད་རིགས་ཀྱི་ཕྲུ་གུ་ཁ་ཤས་ངོས་ཀྱི་ངོ་ཤེས་པ་དེ་འདྲས་བོད་སྐད་མ་ཤེས་པ་དང་བོད་སྐད་ལ་དོ་སྣང་མ་བྱས། དེ་ཞིན་ཁྱིམ་ཚང་ནང་བོད་སྐད་མ་བརྒྱབ་པ་དང་དོ་སྣང་མ་བྱས་པའི་རྐྱེན་གྱིས་བོད་པའི་ཕྲུ་གུ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་ཆ་མ་ཚང་བ་ལྟ་བུ་འདུག སོ་སོའི་ངོ་གདོང་ཐོག་ནས་བོད་པ་ཡིན་པ་ཁ་གྲགས་ཡོང་གི་ཡོད་ཀྱང་བོད་སྐད་ཡག་པོ་མ་ཤེས་པ་དང་བོད་པའི་སྤྱི་ཚོགས་དང་ཁ་བྲལ་བ་ལྟ་བུ་བྱས་ན་སྐྱིད་པོ་གང་ཡང་མེད། དེར་བརྟེན་སོ་སོའི་སྐད་ཡིག་དེ་ཧ་ཅང་རྩ་ཆེན་པོ་ཡིན།
དེ་ནས་ང་ཚོ་བོད་པ་སྤྱི་པའི་ཐོག་ལ་ཆ་བཞག་ན། ང་ཚོ་བོད་མི་རིགས་དེ་འཛམ་གླིང་ཡང་ཐོག་འདིའི་སྟེང་ངོ་ལོ་སྟོང་ཕྲག་ཕྱིན་པའི་ས་འོག་ནས་(Stone Age) རྡོ་བེད་སྤྱོད་བྱས་པའི་དུས་རབས་སྐབས་བེད་སྤྱོད་བྱས་པ་ས་འོག་ནས་ཐོན་པ་དེ་འདྲ་ཁ་ཤས་ཨ་མདོའི་ས་ཁུལ་ཁ་ཤས་ལ་ལོ་སྟོང་ཕྲག་སུམ་ཅུ་ཕྱིན་པའི་སྐད་ཆ་འདུག ལོ་ཁྲི་གསུམ་གྱི་གོང་ལ་མིའི་སྤྱི་ཚོགས་ཤིག་ཡོད་པ་ཞིག་དང་། ནམ་མཁའ་ནོར་བུས་ངོས་ལ་བརྗོད་བྱུང་། ལོ་གཅིག་སྟོད་ཞང་ཞུང་ཁྱུང་རི་ཞེས་པའི་ས་ཁུལ་དེར་ཁོང་རང་ཕྱིན་ཏེ། ས་ཁུལ་ཞིག་ལ་བྲག་ལ་སེམས་ཅན་གྱི་རི་མོ་བྲིས་པ་ཞིག་འདུག དེ་ཨོ་སི་ཊོ་ལ་ཡའི་ནང་ཡོད་པའི་རི་མོ་དང་འདྲ་པོ་འདུག དེ་ཚོའི་གྲས་ལ་ཞིབ་འཇུག་བྱེད་མཁན་གྱིས་ཞིབ་འཇུག་བྱེད་སྐབས་ཕལ་ཆེར་ལོ་ཁྲི་ཆིག་ལྷག་ཕྱིན་པ། གང་ལྟར་ཡང་སྙིང་ང་ཚོ་བོད་མི་རིགས་དེ་དཀྱིལ་ཤར་ཨི་ཤེ་ཡའི་ནང་སྔ་ས་ནས་ཡོད་པ་ཞིག་ཡིན་པ་དང་། རིམ་བཞིན་སོ་སོར་ཡི་གེ་ཡོད་པ་རེད་འདུག བོད་ཡིག་མ་བྱུང་གོང་ཞང་ཞུང་དམར་ཡིག་ཅེས་པ་ཡོད། གང་ལྟར་བོད་ཡིག་ཁེ་གཙང་ཞིག་རྒྱ་གར་དང་རྒྱ་ནག་གཉིས་ཀར་མ་འདྲེས་བར་ང་ཚོར་བོད་ཡིག་ཞིག་ཡོད། འོན་ཀྱང་རྒྱ་གར་གྱི་ཡི་གེ་དང་ཕྲན་བུ་ཐག་ཉེ་བ་ཡོད། སྔོན་མ་ངོས་རང་ལྷོ་ཨ་མི་རི་ཁར་སླེབས་སྐབས་ལྷོ་ཨ་མི་རི་ཁའི་ནང་ཡོད་པའི་ཡུལ་མི་དེ་དག་གིས་སོ་སོའི་མི་རིགས་ཀྱི་གོམས་གཤིས་དང་རིག་གཞུང་དེ་དག་ཉམས་ཆག་འགྲོ་གི་འདུག་ཅེས་ཧ་ཅང་སེམས་ཁྲལ་བྱེད་མཁན་དེ་འདྲ་འདུག དེ་དུས་ངོས་ཀྱིས་ཁོང་ཚོར་ཁྱེད་རང་ཚོར་ཡི་གེ་ཡོད་དམ་ཞེས་སྐད་ཆ་དྲི་སྐབས་ཧ་ལམ་ངོས་ཀྱིས་ཐུག་པ་མང་ཆེ་བར་ངག་རྒྱུན་ཙམ་ནས་ལོ་རྒྱུས་ཤོད་རྒྱུ་མ་གཏོགས་ཡི་གེ་མི་འདུག དེ་དུས་ངོས་ཀྱིས་ཁོང་ཚོར་ཡི་གེ་དགོས་པ་རེད། ཡི་གེ་མེད་ན་སོ་སོའི་རིག་གཞུང་དང་གོམས་གཤིས་དེ་ཚོ་མུ་མཐུད་ནས་བཟུང་རྒྱུ་དེ་ཧ་ཅང་ཁག་པོ་རེད། ཡི་གེ་མེད་ན་ཡི་གེ་གསར་པོ་བཟོ་དགོས་རེད་ཅེས་བརྗོད་པ་ཡིན། དེ་ལྟ་བུ་མི་ལ་སྐད་ཆ་དེ་འདྲ་ཤོད་སྐབས་ང་ཚོ་བོད་པ་རང་ཉིད་ལ་བསམ་བློ་གཏོང་སྐབས་ང་ཚོ་སྔར་ཆོས་རྒྱལ་མེས་པོ་ཚོའི་སྐབས་ནས་བོད་ཡིག་བཟོས། དེ་ནས་རིམ་བཞིན་རྒྱ་གར་དང་འབྲེལ་བ་བྱུང་སྟེ་ནང་ཆོས་བོད་ལ་དར་རྗེས་རྒྱ་གར་ནས་ཚུར་བཀའ་བསྟན་བཅོས་བསྒྱུར་བ་པོད་སུམ་བརྒྱ་ལྷག་བྱུང་ཡོད། དེ་དག་ནང་ནས་ཕལ་ཆེར་རྒྱ་ཡིག་ནས་བསྒྱུར་བ་བཅུ་གྲངས་ཤིག་ཨེ་ཡོད། གཞན་རྒྱ་གར་གྱི་ལེགས་སྦྱར་སྐད་དང་པཱ་ལི་དེ་བཞིན་ཁ་ཤས་བལ་པོའི་སྐད་ཐོག་ནས་བསྒྱུར་བ་མིན་ནམ། ལྷོ་ཕྱོགས་ཁྱིམ་མཚེས་ནས་ཚུར་བསྒྱུར་ཡོད། དེ་དག་ཚུར་བསྒྱུར་ཡོང་སྐབས་བོད་ལ་རང་བཞིན་གྱིས་མིང་ཚིག་གསར་པ་བསླེབས་ཏེ་ཡར་རྒྱས་ཕྱིན་ཏེ་དེང་སང་འཛམ་གླིང་འདིའི་ཐོག་བོད་པའི་ཡི་གེ་ཧ་ལམ་འཛམ་གླིང་འདིའི་སྟེང་ནང་ཆོས་ཆ་ཚང་བ་ཞིག་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ནང་ཆོས་ལྟ་སྒོམ་སྤྱོད་གསུམ་ཐོག་ལ་འགྲེལ་བཤད་རྒྱག་རྒྱུ་དེ་བོད་ཡིག་ཡག་ཤོས་རེད། རྒྱ་ཡིག་དེ་ཙམ་མི་འདུག དེར་བརྟེན་གཞི་ནས་ང་ཚོའི་མེས་པོ་ཚོས་གསར་གཏོད་བྱས་པའི་ཡི་གེ་དེ་དངོས་གནས་ང་མཚར་སྐྱེ་རྒྱུ་ཞིག་དང་དེར་མཐོང་སླེབས་རྒྱུ་འདུག དེར་བརྟེན་ང་ཚོ་ཚང་མས་བོད་ཡིག་ལ་བདག་པོ་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་གཞོན་སྐྱེས་ཚོས་ཡིན་གཅིག་མིན་གཅིག་བོད་སྐད་དང་བོད་ཡིག་ལ་དོ་སྣང་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་དུ་གནས་སྡོད་བོད་རིགས་རྣམས་ལ་སྩལ་བའི་བཀའ་སློབ།
གསར་གནས།
འབྲེལ་གནས།