༢༠༡༡ ཟླ་ ༧ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༡ རེས་གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་མང་ཚོགས་ ༤༠༠ བརྒལ་བར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་ཡོད། དེ་ཡང་སྐབས་དེར་ཐོག་མར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ལ་རྩིས་སྤྲོད་མཛད་པའི་གནད་དོན་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་གསུང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་རྒྱུའི་དགོངས་བཞེས་ལྟར་བཅའ་ཁྲིམས་བསྐྱར་བཅོས་འོས་ཤིང་འཚམས་པའི་ཐོགས་ནས་གཏན་འབེབས་ལག་བསྟར་ཐུབ་པར་དགའ་སྤོབས་ཟུང་འབྲེལ་བྱུང་ཡོད།
༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་རྒྱུའི་དགོངས་བཞེས་དེ་གནས་ཚུལ་གསར་པ་ཞིག་གང་ཡང་མིན། མགོན་པོ་་གང་ཉིད་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་མཚམས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་དེ་བཞིན་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་ཐོན་ཡོང་ཆེད་ཆབ་སྲིད་ཀྱི་བསྒྱུར་བཅོས་ཆེན་པོ་གཏོང་གནང་མཛད་འགོ་བཙུགས་ཡོད། ཉེ་ལམ་མགོན་པོ་གང་ཉིད་མཆོག་གིས་བོད་མི་ཚོར་བཅའ་ཁྲིམས་བསྐྱར་བཅོས་གཏོང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར་ཕྱི་ལོ་ ༢༠༠༡ ནས་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་བསྡུའི་ལམ་ནས་འདེམས་རྒྱུའི་ཡང་དག་པའི་མང་གཙོའི་མཛད་བྱུས་ཕྱག་ལན་བསྟར་ཐུབ་པ་བྱུང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ཆ་ང་ཚོ་དུས་རབས་ ༢༡ ནང་བསླེབས་པར་བརྟེན་ཆོས་དཔོན་དང་རྒྱལ་པོས་རྒྱལ་ཁབ་ཀྱི་འགོ་ཁྲིད་བྱེད་རྒྱུའི་དུས་ཚོད་ཡོལ་ཟིན་སྐོར་བཀའ་སློབ་ཡང་ཡང་སྩོལ་བཞིན་ཡོད། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་མཛད་རྒྱུའི་གནད་དོན་སྐོར་ཤོག་བུ་བདུན་ཅན་གྱི་གསུང་འཕྲིན་ཞིག་སྤྱི་འཐུས་ལྷན་ཚོགས་སུ་སྩལ་ཡོད་པ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་གསུང་དང་ལེན་ཞུ་ཐུབ་པར་དགའ་སྤོབས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། དེང་སྐབས་དཀྱིལ་ཤར་ཡུལ་གྲུ་དང་ཨ་ཕི་རི་ཀའི་ནང་མི་མང་སྒེར་ལངས་ཀྱིས་ཆབ་སྲིད་ལམ་ལུགས་ལ་འཕོ་འགྱུར་གཏོང་ཆེད་ཆབ་སྲིད་འགོ་ཁྲིད་ཚོར་ཐབ་རྩོད་ཆེན་པོ་བྱེད་བཞིན་པའི་སྐབས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱིས་རྩོལ་བ་མི་དགོས་པར་མང་གཙོའི་ལམ་བཟང་ཐོག་བསྐྱོད་ཐུབ་པ་ནི་གཟི་བརྗིད་ལྡན་པའི་བྱུང་རབས་ཀྱི་གནས་ཚུལ་ཞིག་ཆགས་ཡོད། ཐེངས་འདིར་བཙན་བྱོལ་བོད་མི་ཚོས་མང་གཙོའི་ཕྱོགས་སུ་གོམ་པ་མདུན་སྤོས་བྱས་པ་དེས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན་པར་བོད་མི་ས་ཡ་དྲུག་གི་རང་དབང་དང་ཐོབ་ཐང་གི་གནད་དོན་ཞིག་ཡིན་པའི་བརྡ་ལན་གསལ་པོ་བཏང་ཡོད། དེར་བརྟེན་རྒྱ་ནག་གཞུང་འཛིན་པ་ཚོས་དངོས་ཡོད་གནས་ཚུལ་འདི་ངོས་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་བཅས།།