༢༠༡༡ ཟླ་ ༧ ཚེས་ ༡ རེས་གཟའ་པ་སངས།
༄༅། འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་བཏང་གནས་ནང་འཁོད་དོན། ནིའུ་ཡོཀ་དང་། ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་བོད་ཡིག་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༡༥ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༥ ཉིན་གྲོང་ཁྱེར་ནིའུ་ཡོཀ་ནང་ཚོགས་ཡོད་པར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། སྐུ་ཚབ་དོན་ཁང་གི་ལས་བྱེད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཕ་མའི་ཚོགས་ཆུང་གི་ཚོགས་མི་སོགས་སེར་སྐྱ་མང་ཚོགས་ ༥༠༠ ལྷག་མཛད་སྒོར་མཉམ་ཞུགས་གནང་ཡོད།
མཛད་སྒོར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གསུང་བཤད་གནང་དོན། བྱང་ཨ་རིའི་ནང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ ༣༠ ཙམ་ཡོད་པའི་ནང་བོད་ཡིག་སློབ་གྲྭ་ཚུགས་ཟིན་པའི་ས་གནས་ ༢༠ ཡོད། དེ་དག་གི་ཁྲོད་ནས་ནིའུ་ཡོཀ་དང་། ནིའུ་འཇར་སིའི་བོད་ཡིག་སློབ་གྲྭ་ནི་ཚུགས་སྔ་ཤོས་དང་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད། བོད་ཡིག་སློབ་གྲྭ་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཤེས་པ་བྱེད་རྒྱུ་དེ་ཡིན། ལས་དོན་དེར་གྲུབ་འབྲས་ཡག་པོ་ཞིག་ཐོན་པར་སློབ་ཕྲུག་རང་ཉིད་དང་། དགེ་རྒན་ཙམ་མ་ཟད། གཙོ་བོ་ཕ་མ་སོ་སོའི་ངོས་ནས་ཕྲུ་གུའི་སློབ་སྦྱོང་གི་ཆེད་དུ་འགན་ཁུར་ཆེན་པོའི་ཐོག་ནས་དུས་ཚོད་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མི་མང་པོས་ངོས་འཛིན་གནང་གི་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད་ཅེས་གསུངས། མཐར་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་ ༧ ཚེས་ ༥ ཉིན་ཝ་ཤིང་ཊོན་དུ་༸ཞབས་སོར་འཁོད་རྒྱུ་ཡིན་པ་དང་། འདི་ལོའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་དེ་ནི་རེས་གཟའ་ལྷག་པའི་ཉིན་འཁེལ་ཡོད་སྟབས། སྐབས་དེར་དོན་གཅོད་ལས་ཁུངས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོ་རྒྱས་པ་ཞིག་གྲ་སྒྲིག་ཞུ་མུས་ཡིན། ཕྱོགས་མཚུངས་འཁྲུངས་སྐར་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་མཛད་སྒོར་ཆིབས་སྒྱུར་བསྐྱང་རྒྱུའི་ཞལ་བཞེས་བཟང་པོ་བཀའ་དྲིན་སྨིན་སྩལ་བྱུང་ཡོད་སྐོར་དང་། ལྷག་པར་དུ་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་དངོས་གཞི་གྲུབ་མཚམས། བོད་རིགས་གཙོ་བོར་གྱུར་བའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་སོག་པོ། རྒྱ་གར་བ། བལ་པོ། རྒྱ་རིགས་བཅས་མི་རིགས་འདྲ་མིན་གྱིས་ཝ་ཤིང་ཊོན་ཁྲོམ་གཞུང་དུ་དགའ་སྟོན་རྟེན་འབྲེལ་སྲུང་བརྩི་ཞུ་ཆེད་གོམ་འགྲོས་དུ་བསྐྱོད་རྒྱུར་ཨ་རིའི་གཞུང་གིས་ཆོག་མཆན་ཐོབ་ཡོད་པར་བརྟེན་བོད་མི་རྣམས་ཀྱིས་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་དང་གོམ་འགྲོས་ལས་འགུལ་དེར་གང་མང་མཉམ་ཞུགས་ཐུབ་པའི་རེ་བ་ཡོད་སྐོར། དེ་བཞིན་མཛད་སྒོའི་ཕྱག་འཁྱེར་རིན་མེད་ཐོག་འབུལ་རྒྱུ་ཡིན་སྐོར་གསལ་བཤད་གནང་བ་མ་ཟད། དེང་སྐབས་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཨ་རི་ཁུལ་དུ་ཆོས་འབྲེལ་གནང་བཞིན་ཡོད་པ་དང་། ལྷག་པར་རིང་མིན་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཆོས་འབྲེལ་གནང་སྐབས་ས་གནས་བོད་མི་ཚོས་སྐལ་བཟང་གི་གོ་སྐབས་ལོངས་སུ་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུངས།
གསུང་བཤད་གྲུབ་རྗེས་བོད་ཡིག་སློབ་གྲྭའི་ཁང་ཚན་བཞིའི་དབར་ལ་སྐད་ཡིག་དང་། ༸གོང་ས་མཆོག་གི་མཛད་རྣམ། ནང་ཆོས། བོད་ཀྱི་རྒྱལ་རབས། སྤྱིར་བཏང་ཤེས་བྱ་བཅས་དོན་ཚན་མི་འདྲ་བ་བཞིའི་སྐོར་ཤེས་ཚད་འགྲན་བསྡུར་བྱས་ཡོད་པ་མ་ཟད། ཁང་ཚན་བཞིའི་སློབ་ཕྲུག་དྲག་གྲས་ཁག་གཅིག་ནས་ཤེས་ཡོན་ལས་ལྷག་བསམ་གལ་ཆེ། ཞེས་པའི་བརྗོད་གཞིའི་ཐོག་འགྲན་བསྡུར་ཡང་གནང་ཡོད། བོད་ཡིག་སློབ་གྲྭའི་སློབ་སྤྱི་གནས་ཆུང་སྐུ་ཞབས་པད་རྡོར་ལགས་ཀྱིས་གསུང་བཤད་གནང་སྐབས། སློབ་གྲྭའི་དགེ་རྒན་དང་། ཕ་མ་ཚོས་ད་བར་མི་ལོ་བཅོ་ལྔའི་ནང་གང་ཅིའི་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། སློབ་གྲྭ་དེའི་ལས་དོན་གྲུབ་འབྲས་ཡོངས་རྫོགས་ཀྱི་རྩེ་ཕུད་དུ་མ་བསླེབས་ཀྱང་། གཞན་གྱི་རྗེས་སུ་ལུས་པ་གང་ཡང་མེད། ཕ་མ་ཚོས་ད་དུང་དུས་ཚོད་བཏང་ནས་ང་ཚོར་རོགས་རམ་མུ་མཐུད་གནང་རོགས་ཞེས་གསུངས་ཡོད། ཕྱོགས་མཚུངས་སློབ་སྤྱིས་ངོ་སྤྲོད་གནང་བར་གཞིགས་ན། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ལྟ་རྟོག་འོག་ཡོད་པའི་བོད་ཡིག་སློབ་གྲྭ་དེ་ ༡༩༩༦ ལོར་བཙུགས་ཤིང་། མིག་སྔར་སློབ་སྦྱོང་བྱེད་བཞིན་པའི་སློབ་མའི་གྲངས་འབོར་དེ་ ༡༦༠ ལྷག་ཙམ་ཟིན་གྱི་ཡོད་པ་བཅས།།