༢༠༡༡ ཟླ་ ༧ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་རྒྱ་གར་བྱང་ཕྱོགས་མཧཱ་ར་ཤེ་ཊ་མངའ་སྡེའི་ན་སིག་གྲོང་ཁྱེར་དུ་བོད་མི་བདེ་དོན་མཐུན་ཚོགས་དང་ས་གནས་གཞོན་ནུ་ཐུན་མོང་གིས་གོ་སྒྲིག་ཐོག་ན་སིག་བོད་མིའི་བདེ་དོན་སྐྱིད་སྡུག་ལས་ཁུངས་མདུན་ཐང་དུ་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་མི་མང་རྣམས་ལྷན་འཛོམས་ཐོག་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཞུ་དང་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བསྐུལ། བདེ་བརྒྱད་གསེར་སྐྱེམས་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་རྗེས་ས་གནས་སྐྱིད་སྡུག་ཚོགས་གཞོན་གྱིས་དུས་ཆེན་དང་འབྲེལ་བའི་༸གོང་ས་མཆོག་གི་མཛད་འཕྲིན་དང་། རང་རིགས་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཞིབ་གླེང་གི་མི་མང་ལ་གོ་རྟོགས་ཆེད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་རྒྱ་གར་བ་ན་སིག་གྲོང་ཁྱེར་གྱི་སློབ་སྟོན་པ་སྐུ་ཞབས་ Kamble ལགས་ཀྱིས་གཙོས་ནང་པའི་ཆོས་ཚོགས་ཀྱི་སློབ་སྟོན་ཟུར་པ་དང་འཐུས་མི་བཅས་གནད་ཡོད་མི་སྣ་ཁག་གཅིག་ཕེབས་ཡོད་པ་དང་། ན་སིག་བོད་མི་བདེ་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དངོས་གྲུབ་དང་། ཚོགས་གཙོ་ཟུར་པ་རྣམ་རྒྱལ་ཕུན་ཚོགས་གཉིས་ཀྱིས་སྐུ་མགྲོན་གཙོ་བོ་གསུམ་ལ་མེ་ཏོག་དང་རས་ཟན་རེ་ཕུལ་རྗེས་སྐུ་མགྲོན་གཙོ་བོས་མར་མེ་ཞལ་ཕྱེ་དང་སྒོ་ང་བག་ལེབ་གཏུབ་རྗེས་བོད་པའི་ཁྲོམ་སའི་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་བའི་ཚོང་པ་རྣམས་ལ་སྦྱིན། དེ་ནས་གནད་ཡོད་སྐུ་མགྲོན་རིམ་པས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན་བོད་མི་རྣམ་པས་གཞས་སྣ་ཁག་གཅིག་འཁྲབ་སྟོན་ཞུས་ཏེ་མཛད་སྒོ་གྲོལ་བཅས། །
རྒྱ་གར་བྱང་ཕྱོགས་མཧཱ་ར་ཤེ་ཊ་མངའ་སྡེའི་ན་སིག་གྲོང་ཁྱེར་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།