༢༠༡༡ ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །༸གོང་ས་མཆོག་གིས་ཕྱི་ཚེས་ ༡༤ ཉིན་དུས་འཁོར་དབང་ཆེན་སྩལ་སའི་ཆོས་རར་ཡེ་ཤུའི་མ་དགོན་གྱི་ཁར་ཌི་ནལ་ཆོས་དཔོན་ཌོ་ནལ་ཌི་ཝུ་རི་ (Cardinal Donald Wueri) མཆོག་ཀྱང་ཆེད་བཅར་ཞུས་ཏེ་མཇལ་འཕྲད་མཛད་ཡོད། སྐབས་དེར་ཡེ་ཤུའི་ཆོས་དཔོན་མཆོག་གིས་༸གོང་ས་མཆོག་གིས་དབུས་སྐུ་མགྲོན་ཚང་མར་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨར་ཆི་ཌོ་སེ་སིའི་ཡེ་ཤུའི་ཆོས་ཚོགས་(Archdiocese of Washington) ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ས་གནས་འདིར་ཕེབས་བསུའི་འཚམས་འདྲི་ཞུ་རྒྱུ་བྱུང་བར་ང་རང་ལ་ཆེ་མཐོང་ཧ་ཅང་ཆེན་པོ་ཐོབ་བྱུང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་འདིར་མཇལ་སྐབས་ངས་ལོ་ངོ་ ༢༥ སྔོན་སྐུ་ཉིད་དང་མཇལ་རྒྱུའི་དུས་ཤིག་དྲན་གསོ་ཐེབས་བྱུང་།
སྐབས་དེར་ཡེ་ཤུའི་བླ་ཆེན་པོབ་ཇོན་པོལ་གཉིས་པ་ (Pope John Paul II) མཆོག་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག དེ་བཞིན་འཛམ་གླིང་ཁྱོན་ཡོངས་ནས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་ཨ་སི་སིར་(Assisi) ལྷན་འཛོམས་ཀྱིས་འཛམ་གླིང་ཞི་བདེའི་ཆེད་ཐུགས་སྨོན་མཛད་ཡོད་པ་དེ་ནི་བྱུང་རབས་ཀྱི་དོན་སྙིན་ལྡན་པའི་ཉིན་མོ་ཞིག་ཆགས་ཡོད། དེ་རིང་འདིར་སྐུ་ཉིད་ཀྱིས་འཛམ་གླིང་ཞི་བདེའི་ཆེད་དུས་འཁོར་དབང་ཆེན་སྩོལ་བཞིན་པར་རྗེས་སུ་ཡི་རང་ཞུ་རྒྱུ་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ངོས་ཀྱི་མི་ཚེ་ལྷག་མ་དེ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན། བསམ་བློ་འདི་འཁྱེར་ནས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ངོས་ཀྱི་ཆོས་ལུགས་འདྲ་མིན་གྱི་ཆོས་གྲོགས་ཕོ་མོ་མང་པོ་དང་ཐུག་རྒྱུ་བྱུང་ཡོད། ལྷག་པར་ཡེ་ཤུའི་བླ་ཆེན་པོབ་ཇོན་པོལ་གཉིས་པ་མཆོག་དང་མཇལ་རྒྱུ་བྱུང་ཡོད།
བླ་ཆེན་པོབ་མཆོག་པོ་ལན་ཡུལ་ནས་ཡིན་པས་ཡུལ་དེའི་ནང་བྱུང་བའི་གནས་ཚུལ་ཐོག་ཉམས་མྱོང་གང་བྱུང་བ་དང་ངོས་རང་བོད་ནས་ཡིན་པས་བོད་ནང་གི་གནས་ཚུལ་ཐོག་ཉམས་མྱོང་གང་བྱུང་ཡོད་པ་གཉིས་གཅིག་མཚུངས་ལྟ་བུ་ཞིག་འདུག རྒྱབ་ལྗོངས་ཀྱི་གནས་སྟངས་དེར་གཞི་བཅོལ་ཏེ་ངོས་རང་བླ་ཆེན་པོབ་དང་ཐེངས་དང་པོར་མཇལ་སྐབས་ལམ་སེང་སེམས་ཐག་ཉེ་པོ་ཆགས་པ་མ་ཟད། ཆོས་པ་ཞིག་ཡིན་པའི་ཆ་ནས་དམིགས་ཡུལ་གཅིག་མཚུངས་ཤིག་ཡིན་པ་ར་སྤྲོད་བྱུང་། ཨ་སི་སིར་ང་ཚོ་ལྷན་འཛོམས་བྱུང་བ་དེ་དངོས་གནས་ཕན་ཐོགས་ཆེན་པོ་བྱུང་། ཨ་སི་སིའི་ཚོགས་འདུ་དེས་ཆོས་ལུགས་དང་གྲུབ་མཐའ་འདྲ་མིན་ཡོད་མིན་ལ་མ་ལྟོས་པར་ང་ཚོ་ཚང་མར་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་འགན་དང་ནུས་པ་གཅིག་མཚུངས་སུ་ཡོད་ལ་ནང་གི་ཞི་བདེ་གོང་འཕེལ་ཐོག་ནས་འཛམ་གླིང་ཞི་བདེ་སྐྲུན་ཐུབ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་བྱུང་ཡོད། ཀུན་སློང་དེ་འདྲ་ཞིག་འཁྱེར་ནས་སྐུ་ཉིད་འདིར་ཕེབས་པར་ངོས་ཀྱིས་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན།
ངོས་ཀྱིས་རྒྱུན་དུ་དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད་པ་དང་དུས་རབས་ ༢༡ འདི་འཚེ་མེད་ཞི་བའི་དུས་རབས་ཤིག་བཟོ་རྒྱུར་ང་ཚོ་ཚང་མར་འགན་ཡོད་ལ་ཆོས་ལུགས་འདྲ་མིན་ཡོད་པ་ཚང་མར་ནུས་པའང་གཅིག་མཚུངས་སུ་ཡོད། བསམ་ཚུལ་དང་ལྟ་གྲུབ་དགོས་མཁོ་སོགས་མི་གཅིག་པ་འདྲ་མིན་ཡོང་རྒྱུ་ཡིན་པ་དངོས་ཡོད་རེད། དེ་དག་དྲག་པོས་སེལ་ཐབས་མིན་པར་ཞི་བའི་ལམ་ནས་ཕན་ཚུན་གྲོས་མོལ་གྱི་ཐབས་ལམ་ཐོག་ནས་དཀའ་ངལ་དང་མི་མཐུན་པ་རྣམས་སེལ་ཐབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་ངོས་གཉིས་ཀར་འགན་དེ་ཡོད་པ་གཅིག་མཚུངས་ཡིན། འོན་ཀྱང་ཐབས་ལམ་མི་དྲ་བ་རེད། སྐུ་ཉིད་ལྟ་བུར་མཚོན་ན་འཇིག་རྟེན་དཀོད་པ་པོ་དཀོན་མཆོག་ལ་མཐའ་གཅིག་ཏུ་ཡིད་ཆེས་གནང་སྟེ་ཁོང་གིས་གསུངས་པའི་བྱམས་བརྩེའི་བསླབ་བྱ་བཟང་པོ་དེ་དག་ལག་ལེན་གནང་བཞིན་ཡོད། ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས་ལས་འབྲས་ལ་ཡིད་ཆེས་བྱེད་ཀྱི་ཡོད། གཞན་ལ་ཕན་པ་བྱས་ན་རང་ལ་བདེ་བ་དང་གཞན་ལ་གནོད་པ་བྱས་ན་རང་ལ་སྡུག་བསྔལ་ཡོང་བ་གསུངས་པར་བརྟེན་གཞན་ལ་བྱམས་བརྩེ་བྱ་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཤིག་ཆགས་ཡོད། འཛམ་གླིང་འདིའི་སྟེང་ཤེས་ཡོན་གོང་འཕེལ་གཏོང་རྒྱུར་ཡེ་ཤུའི་ཆོས་གྲོགས་ཕོ་མོ་ཚོས་བྱས་རྗེས་ཆེ་ཤོས་བཞག་ཡོད་པ་ནི་རྩོད་མེད་ཡོངས་གྲགས་ཤིག་ཡིན་པ་དེ་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ།
གཞན་ཡང་སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཕྱི་ལོ་ ༡༩༨༥ ལོར་སུད་སིར་ནང་དུས་འཁོར་དབང་ཆེན་སྩོལ་སྐབས་ཨ་གྷ་ཁན་(Aga Khan) མཆོག་ཕེབས་པ་དང་དེ་རྗེས་རྒྱ་གར་ལ་དུས་འཁོར་དབང་ཆེན་ཞིག་སྩོལ་སྐབས་ཧིན་དྷུའི་བླ་མ་ཞིག་མཉམ་ཞུགས་གནང་ཡོད་སྐོར། ཐེངས་འདིར་དུས་འཁོར་དབང་ཆེན་སྐབས་ཡེ་ཤུའི་མ་དགོན་གྱི་ཆོས་དཔོན་མཆོག་ཕེབས་ཡོད་སྐོར་བཀའ་སློབ་སྩལ་བ་དང་སྦྲགས་ཆོས་དཔོན་མཆོག་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཞིག་ཀྱང་ཕྱག་རྟགས་སུ་སྩལ།
༸གོང་ས་མཆོག་གིས་ཕྱི་ཚེས་ ༡༥ ཉིན་བཀའ་དབང་དངོས་གཞི་སྩལ་ཡོད། ཐེངས་འདིིར་དུས་འཁོར་དབང་ཆེན་སྐབས་རྒྱལ་ཁབ་ཁག་ ༤༠ ཙམ་ནས་ཆོས་ཞུ་བ་བཅར་ཡོད་པ་དང་སྐད་རིགས་མི་འདྲ་བ་ཁག་དགུའི་ཐོག་གསུང་བསྒྱུར་ཞུས་ཡོད་པ་བཅས།།