༢༠༡༡ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ཆོས་འབྲེལ་ལེགས་པར་གྲུབ་རྗེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ། དེ་ནས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འོག་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། སྐབས་དེར་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་གྱིས་མཎྜལ་ལྗགས་བཤད་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ཆོས་ཕྱོགས་ཐོག་ནས་བཤད་ན་བླ་མའི་ཚེ་དང་སློབ་མའི་དད་པ་དམ་ཚིག་གཉིས་འབྲེལ་བ་ཏན་ཏན་ཡོད། འདས་པའི་ཉིན་ཤས་རིང་ཁྱེད་རང་ཚོ་དང་ངོས་དབར་ཆོས་འབྲེལ་བྱུང་བར་བརྟེན་བླ་མ་དང་སློབ་མའི་འབྲེལ་བ་ཏན་ཏན་ཡོད། དེར་རྟེན་ཁྱེད་ཚོས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་ངོས་ལ་བརྟན་བཞུགས་གནང་བར་ཁྱད་པར་ཏན་ཏན་ཡོད། ངོས་ནས་ཀྱང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་ཞིང། དེ་སྲིད་བདག་ནི་གནས་འགྱུར་ཏེ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་གསུངས་པ་ལྟར་རྒྱུན་དུ་སྨོན་ལམ་དེ་ལྟར་རྒྱག་བཞིན་ཡོད། ཆོས་དང་སྐྱེ་བ་ཕྱི་མ་ཁས་ལེན་རུང་མ་ལེན་རུང་། མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ལ་དེ་སྔོན་སྨན་པས་ལུས་པོ་ཧ་ཅང་ཐང་པོ་ཡོད་སྐོར་བརྗོད་དེ་ངོས་ལ་ནད་པ་གཞོན་པ་ཞེས་ངོས་རང་ལོ་བདུན་ཅུ་དོན་དྲུག་ནང་བསླེབས་ཡོད་ནའང། སྨན་པས་ངོས་ཀྱི་ལུས་པོའི་གནས་སྟངས་དེ་མི་ལོ་དྲུག་ཅུའི་ལུས་པོ་ལྟར་ཡོད་སྐོར་བརྗོད་བྱུང་ཞེས་བཀའ་སྩལ་བ་མ་ཟད། ཆོས་འབྲེལ་སྐབས་མང་ཚོགས་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོས་ཆོས་ཉན་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་སྐོར་བཀའ་སློབ་སྩལ།
དེ་རྗེས་སྒར་ཆེན་རིན་པོ་ཆེ་མཆོག་གིས་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གིས་དབྱིན་སྐད་ཐོག་བརྩམས་པའི་བོད་ཀྱི་བཙན་པོའི་ལོ་རྒྱུས་ཀྱི་དཔེ་དེབ་དབུ་འབྱེད་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔེ་དེབ་ཀྱི་དཔར་ཕུད་འབུལ་ལམ་ཞུས།
དེ་ནས་ཝ་ཤིང་ཊོན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཞོན་སྐུ་ཞབས་སྐལ་ལྡན་བློ་གྲོས་ལགས་ཀྱིས་དུས་འཁོར་དབང་ཆེན་གྱི་མཇུག་བསྡོམས་མཛད་སྒོ་དང་སྟབས་བསྟུན་ལས་བསྡོམས་སྙན་སྒྲོན་ཞུས། སྐབས་དེར་དུས་འཁོར་དབང་ཆེན་སྐབས་བྱུང་སོང་དང་འབྲེལ་བའི་རྩིས་ཁྲ་སྙན་སྒྲོན་ཞུས་དོན། ཐེངས་འདིར་དུས་དབང་སྐབས་བྱུང་ཨ་སྒོར་ས་ཡ་ ༥།༩༩ ཙམ་དང་སོང་བ་དེར་ཨ་སྒོར་ས་ཡ་ ༤།༠༤ ཡིན། ལྷག་མ་དེར་ཨ་སྒོར་ས་ཡ་ ༡།༩༥ ཙམ་བྱུང་ཡོད་པ་དང་དེ་ནས་ཨ་སྒོར་འབུམ་ ༥ ཙམ་སྐུ་སྒེར་ཡིག་ཚང་གིས་ལམ་སྟོན་འོག་ཁེ་ཎ་ཌའི་ཊོ་རོན་ཊོའི་གྲོང་ཁྱེར་ནང་བོད་ཀྱི་རིག་གཞུང་དང་ནང་ཆོས་སློབ་གཉེར་གྱི་བསྟི་གནས་ཁང་གསར་བཞེངས་ཆེད་ཞལ་འདེབས་གནང་རྒྱུ་དང།
དེ་བཞིན་དངུལ་ལྷག་རྣམས་ཚན་པ་གསུམ་དུ་ཆ་བགོས་ཀྱིས་ཞལ་འདེབས་འབུལ་རྒྱུ་ཡིན་སྐོར་གསུང་དོན། དངུལ་ལྷག་མ་དེ་ལས་བརྒྱ་ཆ་སུམ་ཅུ་ས་གནས་དང་ཨ་རིའི་རྒྱལ་ནང་། དེ་བཞིན་རྒྱལ་སྤྱིའི་རོགས་སྐྱོབ་ཐེབས་རྩ་ཁང་འདྲ་མིན་ལ་ཕུལ་ཏེ་ཤར་ཨ་ཕི་རི་ཀའི་ནང་བཀྲེས་སྐོམ་ངལ་སེལ་གྱི་ལས་གཞི་དང་ཉི་ཧོང་ནང་མཚོ་རླབས་ཀྱི་འཇིག་པ་ལས་སྐྱོབ་ཆེད་ངལ་སེལ་ཐེབས་རྩ་ཁང་ལ་འབུལ་རྒྱུ་དང་། རྒྱལ་ནང་ལ་མཚོན་ན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ནང་མེད་པའི་དབུལ་ཕོངས་རོགས་སྐྱོབ་ཐེབས་རྩ་ཁང་སོགས་ལ་གནང་རྒྱུ་དང་། ལྷག་མ་བརྒྱ་ཆ་སུམ་ཅུ་དེ་ཝ་ཤིང་ཊོན་ས་གནས་བོད་རིགས་ཚོགས་པར་མ་འོངས་བོད་རིགས་གཞོན་སྐྱེས་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་དེང་དུས་ཤེས་ཡོན་གོང་འཕེལ་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་ཆེད་འབུལ་རྒྱུ་ཡིན། དངུལ་ལྷག་མ་དེ་ནས་བརྒྱ་ཆ་བཞི་བཅུ་ཙམ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཕྱི་ལོ་ ༢༠༠༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙུགས་གནང་མཛད་པའི་ཏཱ་ལའི་བླ་མའི་ཐེབས་རྩར་(The Dalai Lama trust) འབུལ་རྒྱུ་ཡིན་སྐོར་སོགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས།
དེ་རྗེས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུང་མོང་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་གསར་གཏོད་དང་བསྒྱུར་བཅོས་ཅན་གྱི་དབུ་ཁྲིད་གཅིག ཅེས་པའི་གཟེངས་རྟགས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཁྲི་མཆོག་ལ་གསོལ་སྩལ་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་གང་ཉིད་མཆོག་གིས་གསོལ་རས་སྩལ། ཕྱོགས་མཚུངས་བཀའ་ཁྲི་མཆོག་ལ་གཟེངས་རྟགས་འདི་བཞིན་འབུལ་དགོས་པའི་རྒྱུ་མཚན་བོད་ཡིག་ཐོག་ཡོད་པ་དེ་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས་ཀྱིས་སྒྲོགས་སྦྱང་དང་། དབྱིན་ཡིག་ཐོག་ཡོད་པ་དེ་སྤྱི་འཐུས་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་སྒྲོགས་སྦྱང་ཞུས། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། བདམས་ཐོན་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཇལ་དར་ཕུལ།།