༢༠༡༡ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཚཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཨ་རིའི་གྲོང་ཁྱེར་ཆི་ཁ་གོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ལུགས་མཐུན་སྒྲིལ་སྐོར་མང་ཚོགས་ ༡༠ ༠༠༠ བརྒལ་བར་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་(Bridging The Faith Devide) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཝ་ཤིང་ཊོན་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་བསྟུན་ཕྱི་ཚེས་ ༡༧ སྔ་དྲོ་རྒྱལ་ས་ཝ་ཤིང་ཊོན་ནས་ཨ་རིའི་གྲོང་ཁྱེར་ཆི་ཁ་གོར་༸ཞབས་སོར་འཁོད་མཚམས། ས་གནས་དེར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་དང་ཨ་རིའི་ཐིའོ་སོ་ཕི་ཀལ་ཚོགས་
པའི་(Theosophical Society of America) ཚོགས་གཙོ་སྐུ་ཞབས་ཊིམ་བྷོ་ཡི་(Mr. Tim Boyd) མཆོག་དང་ལྕམ་སྐུ་ནི་ན་ཤོ་རེ་ཌར་ (Mrs. Nina Schroeder) རྣམ་གཉིས་ཀྱིས་གཙོས་འབྲེལ་ཡོད་འགན་འཛིན་དང་ལས་བྱེད་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཉིན་རྒྱབ་༸གོང་ས་མཆོག་ཆི་ཁ་གོའི་ཨི་ལི་ནོ་ཡི་སིའི་གཙུག་ལག་སློབ་གྲྭའི་(University of ILLinois) ཚོགས་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་ཨ་རིའི་ཐིའོ་སོ་ཕི་ཀལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་བྷོ་ཡི་མཆོག་དང་གཙུག་ལག་སློབ་གྲྭའི་གཙོ་སྐྱོང་བ་སྐུ་ཞབས་པེ་ཊི་ཁུ་ཝིན་རྣམ་གཉིས་ཀྱིས་ཕེབས་བསུའི་འཚམས་འདྲི་ཞུས། དེ་རྗེས་ཆི་ཁ་གོ་ས་གནས་བོད་རིགས་ཚོགས་པས་ཨ་ཀ་མ་ཞེས་པའི་མཉམ་གཞས་གཟིགས་འབུལ་ཞུས་རྗེས་ཨ་རིའི་གློག་བརྙན་འཁྲབ་སྟོན་མ་ཇེ་ནི་ཕར་བྷིལ་སི་ལགས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གྱི་ལས་གཞི་ (InterFAITH ARTreach Collaboration) ཞེས་པའི་སྒྱུ་རྩལ་གྱི་ལམ་ནས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ལས་གཞི་སྐོར་སྙན་སྒྲོན་ཞུས། དེ་ནས་ཨ་རིའི་ཐིའོ་སོ་ཕི་ཀལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་བྷོ་ཡི་མཆོག་གིས་མང་ཚོགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐིའོ་སོ་ཕི་ཀལ་ཚོགས་པ་གཉིས་དབར་གྱི་འབྲེལ་ལམ་སྐོར་ངོ་སྤྲོད་གནང་སྐབས་དེ་སྔ་ཕྱི་ལོ་ ༡༩༥༦ ལོ་དང་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་རྒྱ་གར་དུ་ཆིབས་སྒྱུར་སྐྱོང་སྐབས་རྒྱ་གར་ལྷོ་ཕྱོགས་ཨ་ཌི་ཡར་(Adyar) ཞེས་པའི་གྲོང་དུ་རྟེན་གཞི་བྱས་པའི་ཐིའོ་སོ་ཕི་ཀལ་ཚོགས་པའི་མ་དགོན་དུ་ཆིབས་སྒྱུར་བསྐྱངས་ཡོད་སྐོར་སོགས་ཀྱི་ངོ་སྤྲོད་གནང་།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ཨ་རིའི་ཆི་ཁ་གོའི་མངའ་སྡེ་འདིས་སྲོག་ཁྲིམས་ཀྱི་ཉེས་ཆད་མེད་པ་བཟོས་ཡོད་སྐོར་ཨི་ལི་ནོ་ཡི་སིའི་གཙུག་ལག་སློབ་གྲྭའི་གཙོ་སྐྱོང་བ་མཆོག་གིས་བརྗོད་བྱུང་བར་ཧ་ཅང་དགའ་པོ་བྱུང། ངོས་ནས་ཀྱང་སྲོག་ཁྲིམས་མེད་པ་བཟོ་རྒྱུར་ས་རྟགས་བཀོད་ཡོད། ཆོས་ལུགས་ཕལ་མོ་ཆེས་སྡིག་པའི་ལས་དང་བྱེད་པ་པོ་གཉིས་དབར་ཁྱད་པར་ཕྱེ་སྟེ་སྡིག་པའི་ལས་དེར་གདོང་ལེན་བྱས་ནས་ལས་བྱེད་པ་པོར་བཟོད་བསྲན་བྱེད་དགོས། དངུལ་དང་དབང་ཆའི་ཐོག་རྩོད་རྙོག་བྱུང་བ་ནི་ཆོས་ཉིད་ཅིག་ཡིན་ནའང་ཆོས་ལུགས་ཐོག་རྩོད་རྙོག་བྱུང་བ་ནི་བསམ་ཤེས་བྱེད་མི་ཐུབ་པའི་གནས་ཚུལ་ཞིག་ཡིན། གང་ཡིན་བརྗོད་ན་ཆོས་ཀྱི་གཞི་རྩའི་དམིགས་ཡུལ་ནི་སེམས་ནང་ཞི་བདེ་བསྐྲུན་རྒྱུ་དེ་ཡིན། ཆོས་ཀྱི་མིང་ཐོག་ནས་བྱུང་བའི་རྩོད་རྙོག་མང་ཆེ་བ་དོན་དངོས་ཐོག་ཆོས་དང་འབྲེལ་བ་གང་ཡང་མེད། རྩོད་རྙོག་དེ་དག་དངུལ་དང་དབང་ཆའི་རྩོད་རྙོག་ཅིག་ཆགས་ཡོད། དེ་བཞིན་ཆོས་ཀྱི་རྩོད་རྙོག་ཡོང་རྐྱེན་གཅིག་ནི་ཆོས་ལུགས་ཕན་ཚུན་དབར་གོ་རྟོགས་ཆུང་དྲགས་པའི་དབང་གིས་ཡོང་གི་ཡོད། ངོས་རང་དེ་སྔ་བོད་དུ་ཡོད་སྐབས་ནང་པའི་ཆོས་འདི་མཆོག་ཏུ་གྱུར་བ་ཡིན་བསམ་དྲན་གྱི་ཡོད། འོན་ཀྱང་ཕྱིས་སུ་རྒྱ་གར་དུ་བསླེབས་ཏེ་ཐོ་མ་སི་མེར་ཊོན་དམ་པ་མཆོག་དང་ཨ་མ་ཊེ་རེ་ས་དམ་པ་མཆོག་དང་མཇལ་འཕྲད་བྱུང་རྗེས་གཞི་ནས་ཆོས་ལུགས་གཞན་ཚོ་ཡང་ཧ་ཅང་རྩ་ཆེན་པོ་དང་གལ་ཆེན་པོ་ཡིན་པ་ཤེས་ཐུབ་བྱུང་། ངོས་ལ་དེ་སྔ་ཁ་ཆེའི་བླ་མ་ཞིག་གིས་ཇི་ཧ་ཌིའི་ (Jihad) གོ་དོན་དངོས་གནས་དེ་རང་རྒྱུད་ཀྱི་ཉོན་མོངས་འཇོམ་རྒྱུ་ཡིན་སྐོར་གསུངས་བྱུང། ལྟ་གྲུབ་ཐོག་ཆོས་ལུགས་ཕན་ཚུན་མི་འདྲ་བའི་ཁྱད་པར་ཡོད་ནའང་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན། དྲང་བདེན། བསླབ་ཁྲིམས་སྡོམ་རྒྱུ་སོགས་གསུངས་ཡོད་པ་ནི་གཅིག་མཚུངས་ཤིག་ཆགས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།