༢༠༡༡ ཟླ་ ༥ ཚེས་ ༣ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རི་བོད་གཞུང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ༌སྡེ་ཁལ་ལི་ཕོར་ནི་ཡའི་(California)གྲོང་ཁྱེར་ལོ་སི་ཨེན་ཇི་ལེ་སིར་(Los Angeles)༸ཞབས་སོར་འཁོད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཕེབས་བསུ་ཞུས་ཡོད། དེ་ནས་༸གོང་ས་མཆོག་ལོངྒ་བྷིཆ་(Long Beach)གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་དགའ་ལྡན་ཤར་རྩེའི་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་དང། དགའ་ལྡན་བྱང་རྩེའི་མཁན་པོ་ཟུར་པ་དགེ་བཤེས་བློ་བཟང་ཚེ་དཔལ་མཆོག སེར་སྨད་དགེ་བཤེས་བློ་བཟང་འཇམ་དབྱངས་ལགས། བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་མཆོག བཀའ་ཟུར་པདྨ་ཆོས་འབྱོར་མཆོག ལྷོ་ཁལ་ལི་ཕོར་ནི་ཡའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་པདྨ་སྒྲོལ་དཀར་ལགས། དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་གི་ཆོས་ཚོགས་ཀྱི་འབྲེལ་ཡོད་ཚོགས་མི། ས་གནས་བོད་མི་མང་ཚོགས། དེ་བཞིན་ལོ་སི་ཨེན་ཇི་ལེ་སི་དང་ཁལ་ལི་ཕོར་ནི་ཡ་ཁུལ་གྱི་དད་ལྡན་ཆོས་ཞུ་བ་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་བོད་རིགས་ན་གཞོན་ཕོ་མོ་གཉིས་ཀྱིས་རྟེན་འབྲེལ་གྱི་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་གྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་མང་ཚོགས་རྣམས་ལ་ཉེ་དུས་མགོན་པོ་གང་ཉིད་མཆོག་མགུལ་འཆམ་བཞེས་ཚུལ་སྐོར་ཡུད་ཙམ་བཀའ་སློབ་སྩལ་ཡོད། དེ་ནས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་ནང་༸ཞབས་སོར་འཁོད་རྗེས་དགའ་ལྡན་ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་བཅས།།