༢༠༡༡ ཟླ་ ༤ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༨ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་བཟོས་པའི་ཡུལ་མི་ཞིབ་བཤེར་ལས་དོན་ཚོགས་ཆུང་ (UN Working Group on Enforced or Involuntary Disappearnances) གིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་ཉེ་ལམ་རྒྱ་ནག་ནང་གཞུང་གིས་མི་སྣ་གང་བྱུང་འཛིན་ཟུང་བྱས་པ་རྣམས་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་གྱི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན།
ལོ་ངོ་བཅུ་དྲུག་གི་སྔོན་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་སོན་སྐབས་ཕྱི་ལོ་ ༡༩༩༥ ལོར་གར་སོང་ཆ་མེད་དུ་གྱུར་བ་རེད། རྒྱ་ནག་སྲིད་གཞུང་གིས་པཎ་ཆེན་རིན་པོ་ཆེ་མཆོག་བཙན་འཁྲིད་བྱས་པར་ངོས་ལེན་བྱས་ཡོད་ནའང་། ད་བར་ཁོང་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་འདྲ་ཡོད་མེད་སྐོར་གསལ་སྟོན་གང་ཡང་བྱས་མེད། དེར་བརྟེན་པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་གི་གནས་སྟངས་དེ་བཙན་དབང་འོག་གར་སོང་ཆ་མེད་བཟོས་པའི་གྱོད་གཞི་ཞིག་ཆགས་པ་རེད། ད་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་གདོང་ལེན་ཚོགས་ཆུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་ཚོགས་ཆུང་། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་ལུགས་དང་ཆོས་དད་རང་དབང་གི་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་སོགས་ཀྱིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་འདྲ་མིན་ཁག་གིས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་གང་འདྲ་ཡིན་མིན་གྱི་གནད་དོན་ཐོག་རྒྱ་ནག་སྲིད་གཞུང་ལ་དྲི་རྩད་བྱས་ཀྱང་ཡར་ལན་གང་ཡང་བྱུང་མེད།
རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན་བཙན་འཁྲིད་བྱས་ཏེ་ཡུལ་མི་གར་སོང་ཆ་མེད་བཟོ་རྒྱུ་དེ་ཁྲིམས་འགལ་ནག་ཅན་གྱི་ལས་གཞི་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། དུས་ཚོད་ཐུང་ངུ་ཞིག་གི་རིང་ལྐོག་ཏུ་འཛིན་བཟུང་བཀག་ཉར་བྱེད་རྒྱུ་དེའང་བཙན་དབང་འོག་གར་སོང་ཆ་མེད་བཟོས་པའི་ཁྲིམས་འགལ་ཞིག་ལ་རྩི་བཞིན་ཡོད། བཙན་དབང་འོག་གར་སོང་ཆ་མེད་བཟོས་པ་དེར་བསྙད་འདོགས་བྱེད་རྒྱུ་གང་ཡང་མེད། ལྷག་པར་རང་གི་སྲིད་གཞུང་གི་བྱ་ཕྱོགས་ལ་ཞི་བའི་ཐོག་མི་འདོད་པའི་རྣམ་པ་སྟོན་ཆེད་ངོ་རྒོལ་བྱེད་མཁན་ཚོ་བཙན་དབང་འོག་གར་སོང་ཆ་མེད་བཟོ་རྒྱུ་དེ་བས་ཁྲིམས་འགལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅེས་སོགས་འཁོད་ཡོད་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་སྲུང་བརྩི་བྱེད་རྒྱུའི་འགན་འཁྲི་ཡོད་སྐོར་ཡང་གསལ་བསྒྲགས་ནང་འཁོད་ཡོད་པ་བཅས། །
རྒྱ་ནག་གཞུང་ཕྱོགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཙན་འཁྲིད་བྱས་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེམས་འཚབ་ཀྱི་རྣམ་པ་བཏོན་པ།
གསར་གནས།
འབྲེལ་གནས།