༢༠༡༡ ཟླ་ ༤ ཚེས་ ༡༣ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་ཡར་ལིན་ཌི་སྤྱི་མཐུན་རྒྱལ་ཁབ་ཏུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་གོང་ཚེས་ཉིན་མགོན་པོ་གང་ཉིད་མཆོག་ཌབ་ལིན་ (Dublin) གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཐེངས་འདིར་གདན་ཞུའི་གསོལ་འདེབས་ཞུ་མཁན་སྐུ་ཞབས་རི་ཆ་ཌི་མུར་ (Mr. Richard Moore) ལགས་དང་ཁོང་གི་ནང་མི་རྣམ་པས་གཙོས་དད་ལྡན་མང་ཚོགས་དུ་མས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
༸གོང་ས་མཆོག་གིས་སྐུ་ཞབས་རི་ཆ་ཌི་མུར་དང་མཇལ་འཕྲད་སྐབས་ཁོང་ལ་འགྱུར་བ་གང་ཕྱིན་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཞལ་གཤོབ་དང་སྦྲགས། ཁྱེད་རང་གཞོན་ཤ་དོད་དུ་ཕྱིན་འདུག མ་ཟད་ཁྱེད་རང་གི་མིག་ཤེལ་དེ་འགྱུར་བ་ཕྱིན་འདུག ཅེས་བཀའ་ལན་སྩལ་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་ས་གནས་བོད་རིགས་སེར་སྐྱ་ཕོ་མོ་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་སྤོས་སྣེ་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་གིས་ཕྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཉིན་གྲངས་གཉིས་རིང་ཨ་ཡར་ལེན་ཌི་གྲོང་ཁྱེར་ཌབ་ལིན་དང། ཀིལ་ཌེར། (Kildare) ལ་ཡིམ་རིཀ་ (Limerick) བཅས་སུ་མང་ཚོགས་སྟོང་ཕྲག་མང་པོར་བཀའ་སློབ་བཀའ་དྲིན་སྩལ་གནང་མཛད་རྒྱུ་མ་ཟད། རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་ཌབ་ལེན་དུ་ཁྲུག་རྩོད་ནང་ཚུད་པའི་བྱིས་པ་ (Children in Crossfire) ཞེས་པའི་དགེ་རྩ་ཚོགས་པ་དང། ཨ་ཕ་རི་ཐེབས་རྩ་ཁང་(Afri) དེ་བཞིན་སི་པན་ཨ་ཝོ་ཌ་ (Spunout) ཐེབས་རྩ་བཅས་གསུམ་གྱིས་གོ་སྒྲིག་གནང་བའི་ (Possibilities 2011 Social Change Summit) ཞེས་ཕྱི་ལོ་ ༢༠༡༡ ལོའི་ནང་གི་གོ་སྐབས་ཞེས་པའི་སྤྱི་ཚོགས་གླེང་སྟེགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཐོག་འབོད་སྐུལ་ཞེས་པའི་བརྗོད་གཞི་དང་འབྲེལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ཚོགས་ཆེན་དེར་མི་གྲངས་ ༢༠༠༠ ཙམ་མཉམ་ཞུགས་གནང་རྒྱུ་ཡིན་པ་མ་ཟད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཚོགས་ཀྱི་འགན་འཛིན་ཟུར་པའམ་ཨ་ཡར་ལེན་ཌིའི་སྲིད་འཛིན་ཟུར་པ་མེ་རི་རོ་བིན་སོན་ (Mary Robinson) མཆོག་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་རྗེས་མགོན་པོ་གང་ཉིད་མཆོག་ཨ་ཡར་ལེན་ཌིའི་རྫོང་ཁོངས་ཀེལ་ཌ་རེ་ (Kildare) ཡེ་ཤུའི་ཆོས་ཁང་ཞིག་ཏུ་བྱམས་སྙིང་རྗེའི་བསམ་པ་བསྒྲུབ་ཚུལ་ (Spirituality of Compassion) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་ནས་ལ་ཡིམ་རིཀ་གཙུག་ལག་སློབ་གཉེར་ཁང་ (University of Limerick) དུ་བཟོད་སེམས་ཀྱི་ནུས་སྟོབས་ (Power of Forgivenss) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་ཡར་ལེན་ཌིར་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།