༢༠༡༡ ཟླ་ ༤ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༥ རེས་གཟའ་པ་སངས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཙོ་བོར་གྱུར་བའི་འབྲེལ་ཡོད་ས་གནས་བོད་མི་རྣམས་དང་རྒྱ་ནག་ས་གནས་སྲིད་གཞུང་གི་དྲག་པོའི་དཔུང་དམག་དབར་གདོང་ཐུག་བྱུང་བའི་གནས་སྟངས་དེར་ཐུགས་འཚབ་ཆེན་པོའི་ཐོག་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་དང་འབྲེལ་ཡོད་ས་གནས་བོད་མི་རྣམས་ལ་ལྷིང་འཇགས་ཡོང་ཐབས་བྱེད་དགོས་པའི་སྐུལ་མ་མཛད་པ་མ་ཟད། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་རྒྱུ་མཚན་ལྡན་པའི་ཐབས་ལམ་ཐོག་ནས་སེལ་དགོས་པ་དང་། ལྷག་པར་ད་ལྟ་རྔ་པ་ཀིརྟི་དགོན་པའི་གནས་སྟངས་དེ་བཞིན་ས་གནས་སྲིད་གཞུང་གིས་དྲག་གནོན་མིན་པར་ཞི་བའི་ཐོག་ནས་ལྷིང་འཇགས་ཡོང་ཐབས་ཀྱི་འབོད་སྐུལ་མཛད་པའི་ནང་འཁོད་དོན།
རྒྱ་ནག་ས་གནས་སྲིད་གཞུང་གི་དྲག་པོའི་དམག་དཔུང་དང་ས་གནས་བོད་མིའི་དབར་གདོང་ཐུག་བྱུང་བར་བརྟེན། བོད་བྱང་ཤར་རྔ་པ་ཀིརྟི་དགོན་པའི་གནས་སྟངས་དེ་བཞིན་ད་ལྟ་ཧ་ཅང་ཚབས་ཆེན་པོ་ཞིག་ཆགས་ཡོད། དགེ་འདུན་པ་ ༢༥༠༠ ཙམ་ཡོད་པའི་ཀིརྟི་དགོན་པ་དེ་བཞིན་ད་ཆ་རྒྱ་མིའི་དམག་དཔུང་གིས་མཐའ་སྐོར་བྱས་ཏེ་སྐབས་ཤིག་ལ་དགོན་པའི་ནང་བཟའ་ཆས་ལ་སོགས་པའི་རྒྱུན་ལྡན་ཉེར་མཁོའི་འཚོ་རྟེན་རིགས་མ་བཏང་བ་སོགས་ཀྱིས་དམ་བསྒྲགས་བྱས་ཡོད།
དམག་དཔུང་གིས་ཀིརྟི་དགོན་པ་མཐའ་སྐོར་བྱས་པར་བརྟེན་ས་གནས་བོད་མི་ཚོས་དགེ་འདུན་པ་མང་པོ་ཞིག་འཛིན་བཟུང་བྱས་པར་དོགས་ཏེ་གཞུང་ལམ་དང་སྲང་ལམ་དུ་ཐོན་ནས་རྒྱ་མིའི་དྲག་པོའི་དམག་མི་ཚོ་མཐའ་སྐོར་བྱས་ཏེ་དམག་མིའི་སྣུམ་འཁོར་དགོན་པའི་ཕྱི་ནང་དུ་འགྲོ་མ་བཅུག
རྒྱ་ནག་ས་གནས་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པར་དམ་བསྒྲགས་བྱེད་འགོ་བཙུགས་པའི་རྒྱུ་རྐྱེན་ནི། ཀིརྟི་དགོན་པའི་དགེ་འདུན་པ་གཞོན་སྐྱེས་ཤིག་གིས་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་སྒེར་ལངས་བྱས་ཏེ་ལོ་ངོ་གསུམ་ཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་ཆེད། རང་ཉིད་ཀྱི་ལུས་པོ་ཞུགས་འབུལ་བྱས་ཏེ་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱེད་སྐབས་རྒྱ་མིའི་ཉེན་རྟོག་མི་སྣས་སྐབས་དེར་མེ་གསོད་རྒྱུའི་ཚབ་ཏུ་ཉེས་རྡུང་བཏང་ཡོད། ཉེས་རྡུང་བཏང་བའི་ཕྱི་ཉིན་དེར་འདས་གྲོངས་སུ་གྱུར་བའི་རྒྱུ་མཚན་གཙོ་བོ་ཞིག་ཆགས་ཡོད།
གནད་དོན་དེར་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ་ད་ལྟའི་གནས་སྟངས་དེ་བྱུང་བ་ཞིག་རེད།
ངོས་རང་གནས་སྟངས་དེར་བློ་འཚབ་ཧ་ཅང་ཆེན་པོ་ཡོད། ད་དུང་མུ་མཐུད་གནས་སྟངས་དེར་ཡར་རྒྱས་མ་ཕྱིན་ཚེ་རྔ་པ་ཁུལ་གྱི་བོད་རིགས་ཚོར་དྲག་གནོན་ཚབས་ཆེ་ཕོག་རྒྱུ་ཡིན། དེར་བརྟེན་ངོས་ཀྱིས་ཀིརྟི་དགོན་པའི་དགེ་འདུན་པ་དང་བོད་རིགས་ཚོར་བརྗོད་རྒྱུར། ས་གནས་སྲིད་གཞུང་ལ་དྲག་གནོན་བྱེད་རྒྱུའི་བསྙད་འདོགས་བྱེད་སའི་ལས་རིགས་ནམ་ཡང་མ་བྱེད་རོགས་ཞེས་སྐུལ་མ་བྱེད་རྒྱུ་མ་ཟད། ངོས་ཀྱིས་རྒྱལ་སྤྱིའི་ཚོགས་པ་ཁག་དང་གཞུང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱིས་རྒྱ་ནག་གཞུང་ལ་གནད་དོན་རྣམས་དྲག་གནོན་མིན་པར་ཞི་འཇམ་ཐོག་སེལ་ཐབས་གནང་དགོས་པའི་འབོད་སྐུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན།
འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་དཀའ་རྙོག་སེལ་ཆེད་རྒྱ་ནག་གཞུང་གིས་དྲག་པོའི་ཐབས་ལམ་གཙོ་བོ་ལག་བསྟར་བྱས་པ་དེས་དཀའ་ངལ་ཆེ་རུ་སོང་བ་དང་བོད་མིའི་འཁོན་འཛིན་ཆེ་རུ་ཕྱིན་ཡོད། དེར་བརྟེན་ངོས་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་བོད་མིའི་དངོས་ཡོད་དཀའ་ངལ་རྣམས་དཔའ་མཛངས་ལྡན་པའི་རྣམ་དཔྱོད་ཀྱི་ལམ་ནས་སེལ་ཐབས་གནང་དགོས་པ་ལས་དྲག་པོའི་ཐབས་ལམ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་འཁོད་ཡོད།
གསུང་འཕྲིན་ངོ་མ་དབྱིན་ཡིག་ཐོག་ཡོད་པར་རྩ་འཛིན་ཡོང་བ་ཞུ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་སྲིད་གཞུང་ལ་འབོད་སྐུལ་མཛད་པ།
གསར་གནས།
འབྲེལ་གནས།